ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡོ་ནན་སྲིད་གཞུང་གི་ཙུང་ལི་དང་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་གཉིས་ཉིན་དུས་བཅད་ལྟར་ཡོ་ནན་སྲིད་གཞུང་གི་ཙུང་ལི་རོན་ཁྲུན་ཧྥུའུ་དང་ཁ་པར་གྲོས་མོལ་མཛད། 

ལིས་ཁི་ཆང་གིས་བསྟན་དོན། མིག་སྔར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོར་རྒྱ་ཡན་དུ་འགྲོ་བཞིན་ཡོད་ཅིང་། ཀྲུང་གོ་དང་ཡོ་ནན་ནི་ཁྱིམ་མཚེས་རྒྱལ་ཁབ་གཙོ་བོ་ཡིན་པས། ས་ཁུལ་གྱི་རྒྱལ་ཁབ་དག་བར་གྱི་རིམས་འགོག་མཉམ་ལས་དང་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ས་ཁུལ་རང་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་དང་། ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གཏན་འཇགས་ཡོང་བར་བྱས་ནས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོར་རིམས་ནད་བྱུང་མ་ཐག་པའི་སྐབས་སུ་ཡོ་ནན་ཕྱོགས་ཀྱིས་ཀྲུང་གོར་འཚམས་འདྲི་དང་དངོས་རྫས་འདོན་སྤྲོད་བྱས་ཏེ་རྒྱབ་སྐྱོར་བྱས། ཀྲུང་གོའི་ཕྱོགས་ཀྱིས་རང་ནུས་ཅི་ལྕོགས་ཀྱི་ཁྱབ་ཁོངས་ནས་ཡོ་ནན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་དགོས་ངེས་ཀྱི་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བྱེད་པ་དང་། ཡོ་ནན་ཕྱོགས་ཀྱིས་ཡོ་ནན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་དང་འཚོ་བའི་སྟབས་བདེ་ལ་འགན་སྲུང་གང་ལེགས་བྱེད་དགོས་ཞེས་གསུངས། 

རོན་ཁྲུན་ཧྥུའུ་ཡིས་བསྟན་དོན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་བཅོས་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་ཅིང་། ཀྲུང་གོས་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། བྱེད་ཐབས་སྤྱད་དེ་ཡོ་ནན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱས་ཏེ། ཧུར་ཐག་སྒོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།