ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

ཟླ4བའི་ཚེས5ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། རྒྱལ་ཡོངས་སུ་རིམས་ནད་འགོག་སྡོམ་གནས་བབ་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བ་དང་ལས་ཐོན་སླར་གསོ་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བའི་སྐབས་སུ། ང་ཚོ་མཉམ་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་པ་དེ་ལས་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་པར་སྐུལ་འདེད་བཏང་དང་། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དར་སྤེལ་བྱས་ཏེ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པར་ཡར་སྐུལ་བཏང་བ་རེད། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་ཞིང་གྲོང་གསེབ་ལྗང་མདོག་བར་སྟོང་རྒྱ་བསྐྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཆེད་དུ་སྡོང་འཛུགས་ནགས་སྐྲུན་བྱེད་དགོས་ལ། ཧུར་ཐག་སྒོས་རི་ལྗང་རྒྱུན་གནས་དང་ཆུ་དྭངས་རྒྱུན་བཞུར། མཁའ་དབུགས་རྒྱུན་གཙང་བཅས་ཀྱི་མཛེས་པའི་ཀྲུང་གོ་གསར་སྐྲུན་བྱེད་དགོས་ཟེར།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་མཉམ་དུ་རླངས་འཁོར་ལ་ཞུགས་ཏེ་པེ་ཅིན་གྲོང་ཁྱེར་ཏ་ཞིན་ཆུས་ཅིག་ཀོན་གྲོང་རྡལ་གྱི་སྡོང་འཛུགས་བྱེད་སར་ཕེབས་ནས་རྒྱལ་སའི་མང་ཚོགས་དང་ལྷན་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

སྡོང་བོ་འཛུགས་པའི་སྐབས་སུ། ཞི་ཅིན་ཕིང་གིས་ཡུལ་དངོས་ཀྱི་ལས་བྱེད་པ་དང་མང་ཚོགས་དང་བརྩེ་བའི་གླེང་མོལ་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་གོ་གནའ་ནས་བཟུང་སྡོང་འཛུགས་ནགས་སྐྲུན་གྱི་གོམས་གཤིས་བཟང་བོ་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་སྒོས་སྡོང་འཛུགས་ནགས་སྐྲུན་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ཁྲོད་དུ་བཞག་སྟེ་ལྗང་སྒྱུར་ལ་དགའ་ཞིང་ལྗང་སྒྱུར་བྱེད་པ་དང་། ལྗང་སྒྱུར་སྲུང་སྐྱོབ་བྱེད་པ་དེ་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ལྟ་ཚུལ་དང་རང་རྟོགས་འགུལ་སྐྱོད་དུ་གྱུར་ཡོད་པར་མ་ཟད་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་རྒྱ་ཆེན་པོ་ཐེབས་བཞིན་ཡོད། ང་ཚོས་རྒྱལ་ཡོངས་ལ་སྐུལ་སློང་བྱས་པ་དང་དམངས་ཡོངས་དང་སྤྱི་ཚོགས་ཡོངས་མཉམ་དུ་སྡོང་འཛུགས་ཁྲོད་ཞུགས་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། གཅིག་བསྡུས་སྟོབས་ཤུགས་སྒོས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་པ་དང་། གཞི་ཁྱོན་ཆེན་པོའི་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། ནགས་ཚལ་ཐོན་ཁུངས་རྒྱུན་མཐུད་འཕར་བ་མངོན་འགྱུར་བྱས་པ་དང་། བྱེ་ཐང་ཅན་གྱི་གཞི་ཁྱོན་རྒྱུན་མཐུད་སྒོས་ཇེ་ཉུང་དུ་སོང་ཞིང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་འཛམ་གླིང་གི་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཟེར།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།