ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

སྤྱི་ཚེས་3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་གློ་བུར་དུ་བྱུང་བ་ནི་རྒྱལ་ཁབ་ཁག་གི་སྲིད་གཞུང་གི་སྲིད་སྐྱོང་ནུས་པར་ཚོད་བགམ་ཆེན་པོ་ཞིག་ཡིན། ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་བཞིན་ཡོད། ཟླ་བ་གཉིས་ལྷག་ཙམ་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། ཀྲུང་གོའི་མི་དམངས་ཀྱིས་འབད་བརྩོན་ཆེན་པོ་དང་རང་སྲོག་བློས་གཏོང་བྱས་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཡིད་ཆེས་མཁོ་འདོན་དང་། དུས་ཚོད་བརྩོན་ལེན། ཉམས་མྱོང་འཚོལ་ཞིབ་བཅས་བྱས་ཡོད། འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཉམས་ཉེན་གྱི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ན། གཞི་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ། ཉིན་ཤས་གོང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ཐོག ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་སྤྱོད་སྤེལ་གང་ཐུབ་བྱེད་པ་དང་། མཉམ་འགོག་མཉམ་བཅོས་ནུས་ལྡན་བྱེད་པ། རིམས་ནད་མཆེད་པར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ལྷག་པར་དུ་ལག་གདང་སྦྲེལ་ནས་སྤྱི་པའི་འཕྲོད་བསྟེན་མ་ལག་ཞན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དཀའ་ཚེགས་ཆེས་ཤོས་ཀྱི་དུས་སུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོར་རྩ་ཆེའི་རྒྱབ་སྐྱོར་མི་ཉུང་བ་གནང་བ་ང་ཚོས་བློ་ལ་བརྟན་པོར་ངེས་ཡོད། ངོས་ནས་མིགས་ངའི་ཨ་ཧྥེ་རི་ཁའི་རིམས་ནད་ཀྱི་གནས་བབ་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ཏེ་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་རོགས་སྐྱོར་ཧུར་ཐག་བྱེད་པ་དང་རིགས་གཅིག་མཁས་པའི་བརྙན་ལམ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་ཉམས་མྱོང་སྤེལ་རེས་བྱས་པ་མ་ཟད། ཀྲུང་གོའི་ཁེ་ལས་དང་དམངས་ཁྲོད་སྒྲིག་གཞིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རོགས་སྐྱོར་བྱས་ཡོད། འདི་དག་ཚང་མ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་གི་མཚོན་ཚུལ་ངོ་མ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དེ་ཤུགས་སྣོན་བརྒྱབ་ནས་ན་སྨི་པི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་ལ་རོགས་བྱེད་རྒྱུ་དང་། སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་ཀྱི་མཐའ་མའི་རྒྱལ་ཁ་ཐོབ་པ་བྱ་རྒྱུ་ཡིན། རིམས་ནད་ལ་ཐུན་མོང་ཐོག་འགོག་རྒོལ་བྱས་པ་བརྒྱུད་ཀྲུང་གོ་དང་ན་སྨི་པི་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ན་སྨ་པི་ཡའི་ཕྱོགས་དང་མཉམ་དུ་འདི་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ཏེ། མུ་མཐུད་དེ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་ན་སྨི་པི་ཡའི་འབྲེལ་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་སྐས་རིམས་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཀེན་ཀེ་པུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་ནུས་ལྡན་གནང་བ་དང་། འགོ་ཁྲིད་ཀྱི་ནུས་པ་གཟེངས་སུ་ཐོན་པ་མཚོན་པར་བྱས་ཡོད་པས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད། ཀྲུང་གོ་སྲིད་གཞུང་གི་ཐུགས་ཁུར་དང་ལྟ་རྟོག་འོག ཀྲུང་གོར་སློབ་སྦྱོང་བྱེད་བཞིན་པའི་ན་སྨི་པི་ཡའི་སློབ་མ་500ལྷག་ཙམ་ལུས་བདེ་སེམས་སྐྱིད་བྱུང་ཡོད། ན་སྨི་པི་ཡ་དང་ཨ་ཧྥེ་རི་ཁའི་གྲོགས་པོ་ཡག་ཤོས་ཤིག་ཡིན་པའི་ངོས་ནས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་ནད་འགོག་རྒྱུར་དུས་ཐོག་ཏུ་རྩ་ཆེའི་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ན་སྨི་པི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་ཕྱོགས་གཉིས་པོའི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད། ན་སྨི་པི་ཡའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྲིད་གཞུང་དང་ཏང་དབར་གྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། དབུལ་ཕོང་ཉུང་གཏོང་ཐད་ཐོབ་པའི་ཀྲུང་གོའི་གྲུབ་འབྲས་དང་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ་ན་སྨི་པི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།