ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཝེ་ཐེ་ནམ་སྲིད་གཞུང་གི་ཙུང་ལི་དང་ཞལ་པར་བཀའ་མོལ་གནང་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།   རྩོམ་པ་པོ། : མཚམས་གཅོད།   སྤེལ་དུས། : 2020-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 སྤྱི་ཟླ་4ཚེས་2ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཞལ་ཆད་ལྟར་ཝེ་ཐེ་ནམ་སྲིད་གཞུང་གི་ཙུང་ལི་རོན་ཁྲུན་ཧྥུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད།

ལི་ཁི་ཆང་གིས། ཀྲུང་གོ་དང་ཝེ་ཐེ་ནམ་ནི་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན། མིག་སྔར་ཏོག་གསར་གློ་ཚད་ཀྱི་རིམས་ནད་དེ་ཨེ་ཤེ་ཡ་ཤར་ལྷོ་ཚུད་པའི་འཛམ་གླིང་ས་ཆ་མང་པོར་འགོས་ཁྱབ་བྱུང་བ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་ས་ཁུལ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་དང་། རིམས་འགོག་མཉམ་ལས་དང་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ས་ཁུལ་དེ་གར་རིམས་ནད་འགོས་ཁྱབ་འགྲོ་རྒྱུ་ཐུན་མོང་ཐོག་བཀག་འགོག་བྱེད་པ་དང་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་དུ་གཏོང་བ། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོར་ཏོག་གསར་གློ་ཚད་ཐོན་པའི་ཐོག་མའི་དུས་སུ། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ལ་འཚམས་འདྲི་ཞུས་པ་མ་ཟད་དངོས་ཟོག་གི་རྒྱབ་སྐྱོར་ཡང་གནང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རང་ནུས་ལ་དཔག་པའི་ཁྱབ་ཁོངས་ནང་ཝེ་ཐེ་ནམ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་དགོས་ངེས་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་ཡོད།

ལི་ཁི་ཆང་གིས། ཀྲུང་གོའི་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཝེ་ཐེ་ནམ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་དང་འཚོ་བ་སྟབས་བདེ་ཡོང་རྒྱུར་འགན་སྲུང་ཏན་ཏིག་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

ལི་ཁེ་ཆང་གིས། ཝེ་ཐེ་ནམ་ཉིད་ད་ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་འབད་བརྩོན་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

རོན་ཁྲུན་ཧྥུའུ་ཡིས། ཝེ་ཐེ་ནམ་དང་ཀྲུང་གོ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ནས་རིམས་ནད་ལ་འགོག་རྒོལ་བྱས་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕན་ཚུན་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་རིམ་བཞིན་སླར་གསོ་བྱེད་པ། བྱ་ཐབས་བཟུང་སྟེ་ཝེ་ཐེ་ནམ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་བདེ་འཇགས་འགན་ལེན་བྱ་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱས་ཏེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།