ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཀྲུང་དབྱང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།   རྩོམ་པ་པོ། : མཚམས་གཅོད།   སྤེལ་དུས། : 2020-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 སྤྱི་ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཕེབས་ཡོད་པ་རེད།

གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གིས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་འཛིན་ཡག་པོ་བྱེད་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་མེད་པ་བཟོ་བ་དང་། སྐམ་སའི་མཐའ་མཚམས་སུ་རིམས་ནད་སླེབས་རྒྱུར་དོགས་ཟོན་བྱ་ཤུགས་ཆེ་རུ་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་། ཡོངས་བསྒྲགས་ཁ་གསལ་སྒོ་ནས་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ལས་རྫུན་ཞུ་དང་། ཆད་ཞུ། འགྱངས་ཞུ་བཅས་བྱས་མི་ཆོག སྔོན་འགོག་ཚོད་འཛིན་གནད་འཁེལ་བྱེད་པ་དང་དུས་མཚུངས་སུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་བཏོན་ཡོད།

གྲོས་ཚོགས་ཐོག ནད་རྟགས་མེད་པའི་ནད་པར་དོ་དམ་བྱ་ཤུགས་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ནད་རྟགས་མེད་པའི་འགོས་ནད་རིག་པའི་བརྟག་དཔྱད་བྱ་རྒྱུར་དམ་འཛིན་བྱས་ནས་སྔོན་འགོག་ཚོད་འཛིན་བྱེད་པར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱ་དགོས། སྨན་ཁང་ནས་དོན་པའི་ནད་པའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱ་ཤུགས་ཆེ་རུ་བཏང་ནས་བསྐྱར་དུ་གདགས་གཞིས་ཐོན་པའི་མི་སྣར་དུས་ཐོག་ཏུ་ལོགས་སུ་དབྱེ་ནས་སྨན་བཅོས་བྱེད་དགོས། ཧུའུ་པེ་དང་ཐག་ཉེ་བའི་བགྲོད་ལམ་གྱི་དོ་དམ་ཚོད་འཛིན་ཕྱིར་འཐེན་བྱས་རྗེས། འགྲོ་ལམ་གྱི་འགོས་ནད་ཞིབ་བཤེར་གྱི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་བཟོ་བ་དང་ཆབས་ཅིག་འགྲུལ་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པ་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།

གྲོས་ཚོགས་ཐོག སྐམ་སའི་མཐའ་མཚམས་སུ་རིམས་ནད་སླེབས་རྒྱུ་སྔོན་འགོག་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། མཐའ་མཚམས་ཞིང་ལྗོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་གཙོ་གཟུགས་དང་ཁོངས་གཏོགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། རིམ་པ་ལྟར་ཆགས་བཞིན་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་འཐུས་ཚང་དུ་གཏོང་དགོས། དགོས་མེད་ཀྱི་མི་སྣ་རྒྱལ་མཚམས་ལས་བརྒལ་ནས་འགྲོ་འོང་བྱེད་ཚད་ཉུང་དུ་གཏོང་དགོས། འགྲིམ་འགྲུལ་གྱི་འགག་གནད་དང་ལམ་ཆུང་སོགས་ཀྱི་ལས་རེས་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད།

གྲོས་ཚོགས་ཐོག ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་གཙོ་གནད་ཁུལ་དང་། ཚན་པ། མི་ཚོགས་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལེགས་སུ་གཏོང་དགོས། ཉེན་ཁ་ཆུང་བའི་ས་ཁུལ་གྱིས་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་ཀ་བྱ་ཡུལ་གྱི་རྒྱུན་གཏན་ཐོན་སྐྱེད་གཞུང་ལས་སྒྲུབ་ས་དང་། ཚོང་ར་དང་སྤྱི་གླིང་སོགས་རྒྱུན་གཏན་གྱི་ལས་གཉེར་ལ་སྐུལ་འདེད་བཏང་ནས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

གྲོས་ཚོགས་ཐོག རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། འཕྲལ་སྡོམ་ཐག་གཅོད་དང་རྒྱུན་གཏན་ཅན་གྱི་སྔོན་འགོག་ཚོད་འཛིན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུ་དང་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཁེ་ལས་ཀྱི་རོགས་སྐྱོར་དཀའ་སེལ་ལ་ཤུགས་སྣོན་བརྒྱབ་ནས་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བ་འགན་ལེན་ཧུར་ཐག་བྱས་ཏེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་བསྐྱར་འཕར་གྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།