ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་དང་ཁ་པར་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་གཉིས་ཉིན་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་དང་ཁ་པར་ལས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དེ་ཧིན་རྡུ་ཉི་ཞི་ཡཱ་དང་བཅས་པའི་རྒྱལ་ཁབ་མང་བོ་ནས་མཆེད་བཞིན་ཡོད། བདག་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ཏེ་ཧིན་རྡུ་ཉི་ཞི་ཡཱའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན། དཀའ་སྡུག་ཆེ་བའི་འབད་བརྩོན་བརྒྱུད་དེ་ཀྲུང་གོའི་མི་དམངས་ཆེས་དཀའ་སྡུག་གི་དུས་སྐབས་ལས་བརྒལ་ཡོད། ང་ཚོ་ཧིན་རྡུ་ཉི་ཞི་ཡཱའི་མིག་སྔའི་དཀའ་སྡུག་ཐད་ནས་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། སྐུ་ཞབས་ཙུང་ཐུང་གི་མགོ་ཁྲིད་འོག ཧིན་རྡུ་ཉི་ཞི་ཡཱ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཛ་དྲག་གི་རིམས་ནད་ཀྱི་མདུན་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱ་ཡིས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། དཀའ་སྡུག་མཉམ་མྱོང་བྱེད་པའི་མཛའ་བཤེས་ཟབ་མོ་མངོན་པར་བྱེད་དགོས། ད་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་ལོ་ཡིན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡཱ་དང་མཉམ་དུ་འབད་བརྩོན་བྱས་ཏེ། མུ་མཐུད་དུ་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་རིམས་ནད་ནི་མིའི་རིགས་ཡོངས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་རྩོད་ཅིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ན་ད་གཟོད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱ་ཡིས་མཉམ་ལས་ཟབ་མོ་བྱས་ཏེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉམས་ཉེན་ཐག་གཅོད་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་འདོན་དགོས། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཉམས་མྱོང་མཉམ་སྤྱོད་བྱེད་པ་དང་། རང་ནུད་ཅི་ལྕོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལུས་ཕུང་བདེ་ཐང་གི་ཐུན་མོང་ཚོགས་པ་འཛུགས་དགོས་ཞེས་གསུངས། 

ཙོ་ཁི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱིས་དཔྱད་གཞིར་འཛིན་པའི་རིན་ཐང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡཱའི་རིམས་ནད་འགོག་རྒོལ་ཐད་དངོས་རྫས་ཀྱི་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། དེ་ཧིན་རྡུ་ཉི་ཞི་ཡཱ་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ། ཧིན་རྡུ་ཉི་ཞི་ཡཱ་ཡིས་བརྙས་དམོད་ཀྱི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཀྲུང་གོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།