ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཞོད་ཐན་སྔོན་འགོག་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉིན་ཤས་སྔོན་ལ་ཞོད་ཐན་སྔོན་འགོག་ལས་དོན་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། ཞོད་ཐན་སྔོན་འགོག་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་རེད། ས་ཁུལ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ། སྔོན་འགོག་གཙོར་བཟུང་དང་གེགས་འགོག་གེགས་སེལ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། ས་ཁུལ་དང་སྡེ་ཁག་སོ་སོའི་ལྷུ་ཚིགས་ཁག་གི་འགན་འཁྲི་ཁྱོན་ཡོངས་ནས་ནན་དུ་གཏོང་བ་བཅས་བྱེད་དགོས། ཆུ་ལོག་ཆེན་པོ་སྔོན་འགོག་དང་། ཐན་སྐྱོན་ཆེན་པོ་སྔོན་འགོག ཉེན་ཁ་ཆེན་པོ་མྱུར་སྐྱོབ། གནོད་སྐྱོན་ཆེན་པོ་མྱུར་སྐྱོབ་བཅས་ལ་གཞི་ཚུགས་ཏེ་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་ཞིབ་ཕྲ་དང་ཇེ་ལེགས་སུ་གཏོང་བ་དང་། སྔ་མོ་ནས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཉེན་སེལ་དངོས་ཟོག་འདང་ངེས་དམིགས་སར་འབྱོར་ཐུབ་པར་ཁག་ཐེག་བཅས་བྱས་ནས་གཙང་པོ་དང་ཆུ་བོ་ཆུ་མཛོད་ཀྱི་ཞོད་ཐན་སྔོན་འགོག་བཀོད་གཏོང་དང་སྐོར་ཞིབ་འགོག་སྲུང་ཏན་ཏིག་ངང་བསྒྲུབ་དགོས། རྒྱ་མཚོའི་རླུང་འཚུབ་དང་། ཆུ་ལོག གྲོང་ཁྱེར་གྱི་ཆུ་ལོག་དང་ཞོད་སྐྱོན་སོགས་ཀྱི་གནོད་འཚེ་འགོག་ཟོན་དམ་འཛིན་ཡག་པོ་བྱས་ཏེ་དགོས་ངེས་སྐབས་མང་ཚོགས་རྣམས་དུས་ཐོག་ཏུ་གནས་སྤོ་ཉེན་གཡོལ་བྱ་ཐུབ་པར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་གཅིག་གྱུར་བཀོད་འདོམས་དང་སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་ཁག་གིས་ཞོད་ཐན་སྔོན་འགོག་གི་བཀོད་འདོམས་མ་ལག་དང་མཐུན་སྦྱོར་ལམ་སྲོལ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་ཐོན་ཁུངས་སོ་སོ་བསྡུ་རུབ་བྱས་ཏེ་ཞོད་ཐན་སྔོན་འགོག་གི་སྤྱི་ཡོངས་ལ་མཉམ་ཤུགས་ཆགས་པ་བཅས་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་བདེ་འཇགས་ལ་འགན་ལེན་བྱ་ཆེད་འདེགས་སྐྱོར་གང་ལེགས་བྱ་དགོས།

 རྒྱལ་དོན་ཨུ་ཡོན་ནམ་རྒྱལ་ཁབ་ཞོད་ཐན་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཝང་ཡུང་གིས་ཟླ4པའི་ཚེས2ཉིན་རྒྱལ་ཡོངས་ཀྱི་ཞོད་ཐན་སྔོན་འགོག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་གནོད་འཚེ་སྔོན་འགོག་ཚོད་འཛིན་དང་ཞོད་ཐན་སྔོན་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞོད་ཐན་སྔོན་འགོག་ལས་དོན་ལ་སྐུལ་འདེད་གཏོང་བ། ཆུ་ལོག་དང་། ཞོད་སྐྱོན། ཐན་སྐྱོན་བཅས་སྔོན་འགོག་ནུས་ལྡན་གཏོང་བ། རྒྱ་མཚོའི་རླུང་འཚུབ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེའི་ཉེན་ཁ་སྔོན་འགོག་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐད་ནུས་ཤུགས་ཡོད་དགུ་འདོན་དགོས་པར་ནན་བཤད་གནང་བ་རེད།

 ཝང་ཡུང་གིས་བསྟན་དོན། ད་ལོར་རང་རྒྱལ་གྱི་གནམ་གཤིས་གནས་ཚུལ་སྤྱིའི་ཆ་ནས་ཧེ་བག་ཆེན་པོ་ཡོད་ལ། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པས་ཞོད་ཐན་སྔོན་འགོག་གི་དུས་བབ་ཛ་དྲག་ཆེ་བ་རེད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་འདོམས་བཀོད་གཏོང་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ས་གནས་སྲིད་གཞུང་གི་སྲིད་འཛིན་འགོ་ཁྲིད་ཀྱི་ཞོད་ཐན་སྔོན་འགོག་གི་འགན་འཁྲིའི་ལམ་ལུགས་ལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་འགན་འཁྲི་དེ་ཞོད་ཐན་སྔོན་འགོག་གི་བརྒྱུད་རིམ་ཧྲིལ་པོའི་རིམ་པ་ཁག་ཏུ་ཏན་ཏིག་བྱ་རྒྱུ་དང་། འབྲུབ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་མཛུབ་ཁྲིད་དང་། ཞིབ་བཤེར། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུ་དང་། འབྲུབ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བྱུ་རྒྱུ། འཕྲལ་སྡོམ་དང་ལེན་གྱི་སྔོན་ཇུས་ཐད་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མི་སྣ་དང་དངོས་ཟོག་གི་འགན་ལེན་ཡག་པོ་བྱེད་པ། སྡོད་རེས་ལས་རེས་ལ་ཤུགས་སྣོན་རྒྱག་པ། དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་སེལ་རོགས་སྐྱོབ་བྱེད་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་མོ་བྱེད་པ། མི་སྣ་ཤི་རྨས་དང་གནོད་འཚེའི་གྱོང་གུན་ཇེ་ཆུང་དུ་གཏོང་གང་ཐུབ་བཅས་བྱེད་དགོས། ཐན་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཞིང་ལས་ཐོན་སྐྱེད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་སྤྱོད་བདེ་འཇགས་འགན་ལེན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ཐག་གཅོད་ཡག་པོ་བྱ་ཆེད་བདེ་འཇགས་བརྟན་ལྷིང་གི་ཁོར་ཡུག་གཏོད་དགོས། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།