ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ནགས་ཚལ་འགོག་སྲུང་གཞུང་ལས་ཁང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར9ཡི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང6བཙུགས་ནས་པེ་ཅིང་དང་ཀོང་ཤིས། སི་ཁྲོན། ཡུན་ནན། ཧྲའན་ཤིས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར9ཡི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

 འཕྲལ་སྡོམ་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཁག་གིས་གཤམ་གསལ་གྱི་གནས་ཚུལ་འགའ་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་སྟེ། གཅིག་ནི་ལས་དོན་བཀོད་སྒྲིག་བྱས་ཚུལ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་ལས་དོན་ཐད་སྤྱི་འདོམས་ཡག་པོ་བྱས་ནས་དཔྱིད་དུས་དང་ལྷག་པར་དུ་དྭངས་གསལ་དུས་ཆེན་སོགས་གཙོ་གནད་དུས་སྐབས་ལ་དམིགས་ནས་ཆེད་དོན་བཀོད་སྒྲིག་བྱེད་དགོས། གཉིས་ནི་འགན་འཁྲི་དོན་འཁྱོལ་བྱས་ཚུལ། ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འགན་འཁྲི་དང་། འབྲེལ་ཡོད་སྡེ་ཁག་གི་དོ་དམ་འགན་འཁྲི། གཉེར་སྐྱོང་སྡེ་ཁག་གི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱེད་དགོས། གསུམ་ནི་རི་ཐང་གི་མེ་ཁུངས་ལ་སྔོན་འགོག་ཚོད་འཛིན་བྱས་ཚུལ། ས་གནས་ཁག་གིས་རི་ཐང་གི་མེ་ཁུངས་འགོག་བཅོས་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་ནས་བཀོལ་སྤྱོད་བྱ་ཐུབ་པའི་ལས་ཀའི་ཇུས་གཞི་བཟོས་ཡོད་མེད་དང་བྱ་ཐབས་ནུས་ལྡན་སྤྱད་དེ་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཡོད་མེད་ལ་ཞིབ་བཤེར་བྱ་རྒྱུ་རེད། བཞི་ནི་བདེ་འཇགས་ངང་ཉེན་སྐྱོབ་བྱ་ཚུལ། ནགས་ཚལ་གྱི་མེ་གསོད་ཁྲོད་མི་སྣ་ཤི་རྨས་ཀྱི་བསླབ་བྱ་གལ་ཆེན་བསྡུ་ལེན་གཏིང་ཟབ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ལས་དོན་ཏན་ཏིག་ངང་བསྒྲུབ་དགོས། ལྔ་ནི་འཕྲལ་སྡོམ་གྲ་སྒྲིག་བྱས་ཚུལ། དེའི་ནང་འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་མེ་གསོད་རུ་ཁག་གིས་ཡུལ་དངོས་ནས་བཅའ་སྡོད་འགོག་སྲུང་དང་མེ་གསོད་དངོས་ཟོག་གྲ་སྒྲིག་བྱས་ཡོད་མེད། འཕྲལ་སྡོམ་ལས་རེས་བྱེད་ཡོད་མེད་སོགས་ཚུད་ཡོད། 

 འཕྲལ་སྡོམ་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ཉེ་དུས་རང་རྒྱལ་གྱི་ས་ཁུལ་ཁག་གཅིག་གི་ནགས་ཚལ་མེ་སྐྱོན་གྱི་རིམ་པ་དེ་ཉེན་ཁ་ཧ་ཅང་ཆེ་ཤོས་སུ་སླེབས་པས་མེ་ཟོན་གྱི་དུས་བབ་ཧ་ཅང་ཛ་དྲག་རེད། ཟླ4པའི་ཚེས1ཉིན་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གིས་པེ་ཅིང་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན། ཧྲན་ཤིས་ཞིང་ཆེན་བཅས་ལ་ལི་མདོག་གི་ཉེན་ཟོན་སྔོན་བརྡ་བཏང་བ་དང་སི་ཁྲོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་ལ་དམར་མདོག་གི་ཉེན་ཟོན་སྔོན་བརྡ་བཏང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།