ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨིར་ལན་གྱི་ཙུང་ལི་དང་ཨར་ཅི་རི་ཡཱའི་ཙུང་ལི་གཉིས་དང་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར་དུས་བཅད་ལྟར་ཨིར་ལན་གྱི་ཙུང་ལི་ཝ་ལཱ་ཏི་ཁཱ་དང་ཨར་ཅི་རི་ཡཱའི་ཙུང་ལི་ཅེ་ལཱ་ཏི་གཉིས་ལ་ཁ་པར་བཏང་། 

ཝ་ལཱ་ཏི་ཁཱ་དང་ཁ་པར་གྲོས་མོལ་བྱེད་སྐབས་ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱལ་ཁབ་མང་བོར་རྒྱ་ཡན་དུ་འགྲོ་བཞིན་ཡོད་པ་དང་། ཨིར་ལན་ལའང་རིམས་ནད་ཀྱི་གནོད་པ་ཐེབས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨིར་ལན་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཀྱི་བྱ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་། རང་ནུས་ཅི་ལྕོགས་ཀྱི་ཁྱབ་ཁོངས་སུ་ཨིར་ལན་ཕྱོགས་ལ་དགོས་ངེས་ཀྱི་རོགས་རམ་འདོན་སྤྲོད་བྱས་ཏེ། ཨིར་ལན་ཕྱོགས་ཀྱིས་ཀྲུང་གོ་ནས་སྨན་བཅོས་མཁོ་དངོས་ཉོ་བསྡུ་དང་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བཟོ་བ་དང་། རིམས་ནད་འགོག་བཅོས་ཐད་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ། སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཐད་ནས་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས། 

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཨིར་ལན་དུ་ཁ་གྲངས་མི་ཉུང་བའི་ཀྲུང་གོའི་སྤྱི་དམངས་ཀྱིས་འཚོ་བ་རོལ་བ་དང་སློབ་སྦྱོང་བྱེད་བཞིན་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བྱེད་པ་དང་། ཨིར་ལན་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་དེ་ཨིར་ལན་དུ་ཡོད་པའི་ཕྱི་འགྲིམ་སློབ་མ་དང་བཅས་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་དང་འཚོ་བའི་སྟབས་བདེ་ལ་འགན་སྲུང་བྱེད་དགོས་ཞེས་གསུངས། 

ཝ་ལཱ་ཏི་ཁཱ་ཡིས་བསྟན་དོན། ཀྲུང་གོས་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅིང་། དུས་ལྟར་བརྡ་འཕྲིན་མཉམ་སྤྱོད་བྱས་པར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་བརྩི་འཇོག་བྱེད་དགོས། དེང་སྐབས་ཨིར་ལན་ནས་ཀྱང་རིམས་ནད་རྒྱ་ཡན་དུ་འགྲོ་བཞིན་ཡོད། ཨིར་ལན་ཕྱོགས་ཀྱིས་ཀྲུང་གོས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སྨན་རྫས་ཞིབ་འཇུག་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕྱི་འགྲིམ་སློབ་མ་དང་བཅས་པའི་ཨིར་ལན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པའི་རེ་བ་ཡོད་ཟེར། 

ཅེ་ལཱ་ཏི་དང་ཁ་པར་གྲོས་མོལ་བྱེད་སྐབས་ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨར་ཅི་རི་ཡཱའི་བར་སྲོལ་རྒྱུན་གྱི་མཛའ་མཐུན་ཟབ་མོ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ཐོག་མའི་དུས་རིམ་ནང་། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་ཀྲུང་གོར་ཉེར་མཁོའི་རིམས་འགོག་དངོས་རྫས་ཞལ་འདེབས་སུ་ཕུལ་ནས། ཕྱོགས་གཉིས་ཀྱི་དཀའ་སྡུག་མཉམ་མྱོང་གི་མཛའ་བཤེས་ཟབ་མོ་མངོན་པར་བྱས། ཉེ་སྔོན་དབུས་ཤར་ས་ཁུལ་དུ་རིམས་ནད་མཆེད་པ་དང་། ཨར་ཅི་རི་ཡཱའི་རིམས་འགོག་ལས་འགན་ལྗིད། ཀྲུང་གོའི་ཕྱོགས་ཀྱིས་ཨར་ཅི་རི་ཡཱའི་ཕྱོགས་དང་མཉམ་དུ་བསྡད་དེ། ཨར་ཅི་རི་ཡཱའི་ཕྱོགས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད། ཨར་ཅི་རི་ཡཱའི་ཕྱོགས་ཀྱིས་ཨར་ཅི་རི་ཡཱ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་དང་འཚོ་བར་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཨར་ཅི་རི་ཡཱའི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ལས་གཞི་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད། རིམས་ནད་ལས་རྣམ་པར་རྒྱལ་རྗེས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་གསུངས། 

ཅེ་ལཱ་ཏི་ཡིས་བསྟན་དོན། ཨར་ཅི་རི་ཡཱའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ལ་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ནས་འབད་བརྩོན་ཆེན་པོ་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གིས་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། རིམས་ནད་འགོག་བཅོས་ཀྱི་མཁོ་དངོས་དང་སྒྲིག་ཆས། སྨན་བཅོས་མྱུར་སྐྱོབ་སོགས་ཀྱི་ཐད་ལ་མུ་མཐུད་དུ་ཀྲུང་གོའི་རྒྱབ་སྐྱོར་ཐོབ་པའི་རེ་བ་ཡོད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་ལས་གཞི་ཆེན་མོའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཝང་དབྱི་གོང་གི་བྱ་འགུལ་དེར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།