ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྔ་སྣུར་སྒོས་ས་གནས་སྲིད་གཞུང་གི་ཆེད་སྤྱོད་ཡིད་རྟོན་དངུལ་བུན་སྐོར་ཞིག་ཡང་བསྐྱར་བཏང་སྟེ་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པར་སྣེ་ཁྲིད་བྱེད་རྒྱུ་གཏན་འཁེལ་བྱས་ཤིང་། ཁེ་ལས་འབྲིང་ཆུང་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བར་བཀོད་སྒྲིག་བྱས་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འབྲེལ་ཡོད་ཁ་གསབ་རོགས་སྐྱོར་སྲིད་ཇུས་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། ས་གནས་སྲིད་གཞུང་གི་ཆེད་སྤྱོད་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་ཇེ་ཆེར་གཏོང་དགོས་ལ། དུས་སྐབས་སྔོན་མར་ད་ལོའི་ཆེད་སྤྱོད་ཡིད་རྟོན་དངུལ་བུན་སྐོར་ཞིག་བཏང་བའི་རྨང་གཞིའི་སྟེང་། གོ་རིམ་ལྟར་སྔ་སྣུར་སྒོས་གཞི་ཁྱོན་ངེས་ཅན་ལྡན་པའི་ཆེད་སྤྱོད་ཡིད་རྟོན་དངུལ་བུན་གཏོང་བར་དམ་འཛིན་བྱེད་པ་དང་། མ་དངུལ་གྱིས་ལས་གཞི་ལ་དམིགས་པའི་རྩ་དོན་ལྟར། ལས་གཞི་གལ་ཆེན་མང་བ་དང་ཉེན་ཁའི་ཆུ་ཚད་དམའ་བའི་ས་ཁུལ་ལ་དམིགས་སུ་བཀར་ནས་རོགས་སྐྱོར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་ཡོང་སྒོ་དམའ་བའི་མང་ཚོགས་དང་ལྷག་པར་དུ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཧ་ཅང་གལ་ཆེ།  ཟླ་གསུམ་པ་དང་ཟླ་དྲུག་པའི་བར། སྤྱི་ཚོགས་རྒུད་སྐྱོབ་དང་འགན་སྲུང་ཚད་གཞི་དེ་དངོས་གོང་འཕར་སྣོན་དང་སྦྲེལ་པའི་མཉམ་འབྲེལ་རྐྱེན་སྲོལ་གྱི་རིན་གོང་གི་གནས་སྐབས་ཁ་གསབ་ཚད་གཞི་ལྡབ་གཅིག་མཐོར་འདེགས་སུ་གཏོང་བར་མ་ཟད། དྭ་ཕྲུག་དང་ཆ་རྐྱེན་དང་མཐུན་པའི་ཉེན་ཚབ་ཁྲོད་ཞུགས་པའི་ལས་ཤོར་མི་སྣ་སོགས་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་འཇོག་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།