ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཆ་སྙོམས་ལས་འགོ་འཛུགས་ཚད98.6%ཟིན་ཡོད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ཟླ3པའི་ཚེས28ཉིན་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཆ་སྙོམས་ལས་འགོ་འཛུགས་ཚད་98.6%ཟིན་པ་དང་མི་སྣ་ཆ་སྙོམས་ལས་གནས་ཐོག་བསྐྱར་དུ་ལོག་ཚད་89.9%ཟིན་ཡོད། ཁེ་ལས་འབྲིང་ཆུང་ལས་འགོ་བསྐྱར་འཛུགས་བྱེད་ཚད་76%ཟིན་ཏེ་ཟླ་གསུམ་པ་ཤར་ཚུན་ཉིན་རེར་ཆ་སྙོམས་མང་དུ་འགྲོ་ཚད་བརྒྱ་ཆའི་གྲངས་1ཡན་ཟིན་ཡོད”ཅེས་ཚེས་30ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཤིན་གོ་པིང་གིས་བརྗོད་ཅིང་། ཁོང་གིས་སྤྱི་ཡོངས་ནས་བལྟས་ན་རྒྱལ་ཡོངས་ཀྱི་བཟོ་ལས་ཁྱོན་ཡོངས་བརྟན་པོ་རགས་ཙམ་བྱུང་ཡོད་ཅེས་བརྗོད་པ་རེད།

ཤིན་གོ་པིང་གིས“ཆེ་བས་ཆུང་ཁྲིད་དང་། གོང་འོག་སྦྲེལ་མཐུད། ཕྱི་ནང་མཉམ་འགུལ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་བཟོ་འཕྲིན་པུའུ་ཡིས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འཁོར་སྦྲེལ་མཐུན་སྦྱོར་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཟླ་3ཚེས་13ཉིན་སྡེ་ཚན་ལས་སྒྲོལ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འཁོར་སྦྲེལ་མཐུན་སྦྱོར་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་གྱི་ཆེད་དོན་ཚན་ཁག་སྣེ་འཁྲིད་དེ་བཙུགས་པ་དང་གཙོ་གནད་ལས་རིགས་ལ་དམིགས་ཏེ་ཐོན་ནུས་གོང་འཕེལ་ཡོང་བར་དམ་འཛིན་བྱས་པ་དང་། སྣེ་འདྲེན་ཁེ་ལས་ལ་དམིགས་ཏེ་ཐོན་ལས་འཁོར་སྦྲེལ་མཐུན་སྦྱོར་ཡོང་བར་དམ་འཛིན་བྱས་པ། ཁེ་ལས་འབྲིང་ཆུང་ལ་དམིགས་ཏེ་དཀའ་ངལ་བསལ་རྒྱུར་དམ་འཛིན་བྱས་པ། གཙོ་གནད་ས་ཁུལ་ལ་དམིགས་ཏེ་ཁྱོན་ཡོངས་བརྟན་པོ་ཡོང་རྒྱུར་དམ་འཛིན་བཅས་ཀྱི་ཐོག་ནས་རྒྱལ་ཡོངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བས་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བའི་རྣམ་པ་མངོན་ཡོད། ཟླ་3ཚེས་28ཉིན་རྒྱལ་ཡོངས་ཀྱི་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་ཁེ་ལས་98.6%དང་89.9%ཟིན་པ་ཆ་སྙོམས་ལས་འགོ་བསྐྱར་འཛུགས་བྱེད་ཚད་དང་ལས་གནས་སུ་ཕྱིར་ལོག་བྱེད་ཚད་དེ་ཟླ་2ཚེས་23ཉིན་ལས་བརྒྱ་ཆའི་གྲངས་15.5དང་38ཁག་སོ་སོར་མཐོ་རུ་སོང་བ་དང་། ཟླ་3ཚེས་1ཉིན་ལས་བརྒྱ་ཆའི་གྲངས་3.6དང་22ཁག་སོ་སོར་མཐོ་རུ་ཕྱིན་ཡོད། ཀོང་ཏུང་དང་། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་། ཧྥུའུ་ཅན་སོགས་བཟོ་ལས་ཀྱི་ཞིང་ཆེན་རྣམས་རྩ་བའི་ཆར་ཡོངས་རྫོགས་ལས་འགོ་བསྐྱར་འཛུགས་བྱས་ཡོད་ཅེས་བརྗོད་པ་རེད།

ཤིན་གོ་པིང་གིས་མིག་སྔར་བཟོ་ལས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་ཁྱད་ཆོས་ཆེ་གྲས་བཞི་མངོན་པ་སྟེ། གཅིག་ནི་རིམས་འགོག་དངོས་རྫས་དང་། འཚོ་བའི་མཁོ་ཆས། སྤྱི་པའི་བྱ་བ། དཔྱིད་རྨོད་དཔྱིད་གྲབས། ཕྱི་ཕྱོགས་མ་དངུལ། ཕྱི་ཕྱོགས་ཚོང་དོན། ལག་རྩལ་མཐོ་བའི་ཐོན་ལས་སོགས་གཙོ་གནད་ལས་རིགས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་སྤྱི་ཡོངས་ཀྱི་ཕན་འབྲས་དང་ཆུ་ཚད་མཐོ་རུ་མགྱོགས་པོ་འགྲོ་ཐུབ་པ་བྱུང་ཡོད། ལྕགས་དང་ངར་ལྕགས་དང་གློག་རྡུལ་ལས་རིགས་ཀྱི་ལས་བཟོ་ལས་གནས་ཐོག་བསྐྱར་དུ་ལོག་ཚད་90%ལྷག་ཙམ་ཟིན་པ། འཁེལ་འཐག་དང་། རླངས་འཁོར། འཕྲུལ་ཆས། ཡང་བའི་བཟོ་ལས་སོགས་ལས་རིགས་ཀྱི་ལས་བཟོ་ལས་གནས་ཐོག་བསྐྱར་དུ་ལོག་ཚད་70%ནས་90%བར་ཟིན་ཡོད་པ་རེད།

གཉིས་ནི་སྣེ་འདྲེན་ཁེ་ལས་ཀྱིས་ཐོན་ལས་འཁོར་སྦྲེལ་གྱི་སྣེ་འཁྲིད་དེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད། དུས་མཚམས་གོང་མར་སྣེ་འདྲེན་ཁེ་ལས་ཆེ་གྲས་51དང་ལྟེ་བའི་ལེ་ལག་ཚང་བའི་ཁེ་ལས་7300ལྷག་ཙམ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་མ་གཏོང་བའི་རྨང་གཞིའི་ཐོག་བཟོ་འཕྲིན་པུའུ་ཡིས་སླར་ཡང་ཁག་གཉིས་ལ་བགོས་ཏེ་སྣེ་འདྲེན་ཁེ་ལས་41དང་ལྟེ་བའི་ལེ་ལག་ཚང་བའི་ཁེ་ལས་379གསེད་བཀྲོལ་བྱས་པ་དེ་བཟོ་འཕྲིན་པུའུ་ཡིས་ཐད་ཀར་ཉིན་རེའི་བཀོད་གཏོང་གི་གཙོ་གནད་ཁེ་ལས་སུ་བརྩིས་པས་མིག་སྔར་རྩ་བའི་ཆར་ན་ནིང་གི་དུས་མཚུངས་ཀྱི་ཐོན་སྐྱེད་ཆུ་ཚད་སླར་གསོ་ཐུབ་ཡོད། སྣེ་འདྲེན་ཁེ་ལས་92ཀྱིས་ཁེ་ལས་འབྲིང་ཆུང་ཁྲི་40ལྷག་ཙམ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྣེ་འཁྲིད་བྱས་ཡོད་པ་རེད།

གསུམ་ནི་ཁེ་ལས་འབྲིང་ཆུང་གི་དཀའ་སེལ་ཐད་ཡར་རྒྱས་བྱུང་ཡོད། ཀྲུང་དབྱང་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་དང་དེའི་འབྲེལ་ཡོད་དངུལ་རྩའི་སྒྲིག་གཞིའི་རྒྱབ་སྐྱོར་འོག་གཙོ་གནད་རིམས་ནད་སྔོན་འགོག་ཚོད་འཛིན་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་དངུལ་བུན་བསྐྱར་མ་གཏོང་རྒྱུ་སྒོར་དུང་ཕྱུར་3000ཡོད་པ་ནས་ཁེ་ལས་5000ལྷག་ཙམ་ལ་སྒོར་དུང་ཕྱུར་2000ལྷག་ཙམ་བཏང་བས་ཁེ་ལས་ཀྱིས་དངོས་སུ་སྐྱེད་ཀ་སྤྲོད་ཚད་1.27%ཙམ་ལས་ཟིན་གྱི་མེད་པ་རེད།

བཞི་ནི་གཙོ་གནད་ས་ཁུལ་ཧུའུ་པེ་ཞིང་ཆེན་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་མ་བརྟན་པོ་བཏང་ཡོད། རྒྱབ་སྐྱོར་གྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་མཁོ་འདོན་སྦྲེལ་ཐག་ཡག་པོ་མེད་པ་སོགས་ཀྱི་གནད་དོན་དངོས་གཙོ་གནད་དུ་ཐག་གཅོད་བྱས་ཡོད་པ་རེད། མིག་སྔར་ཧུའུ་པེའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཆ་སྙོམས་ལས་འགོ་བསྐྱར་འཛུགས་བྱེད་ཚད་95%ཟིན་པ་དང་མི་སྣ་ཆ་སྙོམས་ལས་གནས་ཐོག་ཕྱིར་ལོག་བྱེད་ཚད་70%ཙམ་ཟིན་ཡོད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།