ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སི་ཁྲོན་ཤིས་ཁྲང་གྲོང་ཁྱེར་ཅིང་ཅིའུ་ཤང་གི་ནགས་ཚལ་མེ་སྐྱོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས30ཉིན་གྱི་ཆུ་ཚོད16སྟེང་། སི་ཁྲོན་ལེའང་ཧྲན་ཁུལ་ཤིས་ཁྲང་གྲོང་ཁྱེར་ཅིང་ཅིའུ་ཤང་མཱ་ཨན་གྲོང་ཚོ་རུ་ནགས་ཚལ་མེ་སྐྱོན་བྱུང་སྟེ། གློ་བུར་དུ་རླུང་ཕྱོགས་ལ་འགྱུར་ལྡོག་བྱུང་ནས་རླུང་ཤུགས་ཆེ་རུ་ཕྱིན་ཏེ་མེ་གསོད་མི་སྣ19རྐྱེན་ལམ་དུ་ཤོར་བ་དང་མི3ལ་རྨས་སྐྱོན་ཕོག་ཡོད། མིག་སྔར། མེ་སྐྱོན་འགོག་གསོད་སྔར་བཞིན་སྤེལ་བཞིན་ཡོད།

མེ་སྐྱོན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་གནང་སྟེ། མགྱོགས་མྱུར་གྱིས་སྟོབས་ཤུགས་སྐོང་བསྡུ་བྱས་ནས་ཚན་རིག་དང་མཐུན་པའི་བཅོས་སྐྱོབ་བྱས་ཏེ། མེ་གསོད་མི་སྣའི་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཤུགས་ཡོད་རྒུས་མེ་གསོད་སྒྲིག་འཛུགས་བྱས་ཏེ་བསྐྱར་བྱུང་གནོད་འཚེ་ལ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མིག་སྔར་ནགས་ཚལ་མེ་སྐྱོན་སོགས་རང་བྱུང་གནོད་འཚེ་འབྱུང་སླ་བའི་དུས་སུ་ཁེལ་ཡོད་པ་དང་། ཉེ་ཆར་སི་ཁྲོན་དང་། ཡུན་ནན། ཧྥུའུ་ཅན། ཧུའུ་ནན་སོགས་སུ་ནགས་ཚལ་མེ་སྐྱོན་དང་བདེ་འཇགས་དོན་རྐྱེན་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཁར་དྭངས་གསལ་དུས་ཚིགས་དང་དཔྱིད་ཆར་འབྲུབ་ལ་ཉེ་བ། མེ་སྐྱོན་དང་། ཆུ་ལོག་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེས་ཆེར་འགྲོ་བཞིན་ཡོད་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཐོན་སླར་གསོ་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། དུས་མཚུངས་སུ་བདེ་འཇགས་ཀྱི་ཉེན་ཁའི་སྔོན་འགོག་གི་ལས་དོན་སོ་སོ་ལ་དམ་འཛིན་ནན་མོ་བྱས་ཏེ། བློ་ཐག་རྦད་གཅོད་ཀྱིས་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་པ་དང་། མེ་སྐྱོན་དང་། འདམ་རྡོའི་ཆུ་རུད། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཞིབ་བཤེར་གཏིང་ཟབ་བྱེད་པ། ཕྱོགས་སོ་སོའི་འགན་འཁྲི་ནན་དུ་གཏོང་བ། མཐའ་གཅིག་ཏུ་དོན་རྐྱེན་གྱི་གནོད་འཚེ་མང་བའི་གནས་ཚུལ་བཀག་འགོག་བྱེད་པ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་ཅེས་གསུངས།

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱས་ཏེ། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་རིའི་མེ་གསོད་པ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་འདས་འཇུག་གི་བྱ་བ་ཡག་པོ་སྒྲུབ་དགོས་པ།  མེ་སྐྱོན་བྱུང་སའི་མཐའ་འཁོར་གྱི་གཙོ་གནད་ས་ཁུལ་དང་། སྒྲིག་བཀོད་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཉེ་དུས་ཀྱི་ནགས་ཚལ་མེ་སྐྱོན་དང་མི་སྣ་ཤི་རྨས་ཀྱི་བསླབ་བྱ་མང་པོ་ཕྱོགས་སྡོམ་གཏིང་ཟབ་བྱས་ནས་ཕྱོགས་སོ་སོ་དང་ལྷུ་ཚིགས་སོ་སོའི་འགན་འཁྲི་སྔར་ལས་ཇེ་ནན་དུ་གཏོང་བ་དང་། མངོན་མེད་རྐྱེན་ངན་ཞིབ་བཤེར་གཏིང་ཟབ་བྱེད་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མཐའ་གཅིག་ཏུ་ཚབས་ཆེ་བའི་ནགས་ཚལ་མེ་སྐྱོན་བྱུང་རྒྱུར་བཀག་འགོག་བྱེད་དགོས་ཅེས་གསུངས།

 ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལིས་ཁི་ཆང་གི་བླང་བྱ་གཞིར་བཟུང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་དུས་ཐོག་དུ་ལས་དོན་ཚན་ཆུང་ཡུལ་དངོས་སུ་མངགས་ཏེ་མཛུབ་སྟོན་བྱས་པ་མ་ཟད།  མགྱོགས་མྱུར་གྱིས་རྒྱལ་ཁབ་ཀྱི་ནགས་ཚལ་མེ་སྐྱོན་འགོག་གསོད་རུ་ཁག་དང་མེ་སྐྱོན་འགོག་གསོད་རུ་ཁག་རོགས་སྐྱོར་བྱེད་པར་མངགས། སི་ཁྲོན་ཞིང་ཆེན་དང་ལེའང་ཧྲན་ཁུལ་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མེ་སྐྱོན་འགོག་གསོད་བྱེད་པ་དང་ཉེ་འགྲམ་གྱི་མང་ཚོགས་གནས་སྤོར་བྱས་པ་མ་ཟད། མཐའ་འཁོར་གྱི་སློབ་གྲྭ་དང་སྣུམ་སྣོན་ས་ཚིགས་སོགས་ས་ཁུལ་གཙོ་བོ་ལ་སྲུང་སྐྱོང་བྱེད་ཐབས་སྤྱད་ཡོད། མིག་སྔར་མེ་གསོད་རོགས་སྐྱོབ་དང་། རྨས་མ་སྐྱོབ་བཅོས། མི་སྣ་ཁ་འགྲེམས་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།