ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་ངལ་རྩོལ་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་ངལ་རྩོལ་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་སྟེ་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་སློབ་གྲྭ་འབྲིང་ཆུང་གི་ངལ་རྩོལ་སློབ་གསོར་ཤུགས་སྣོན་རྒྱག་པའི་ཐད་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

རིག་གནས་སློབ་ཚན་གྱིས་ངལ་རྩོལ་སློབ་གསོའི་ཚབ་བྱ་རྒྱུ་སྔོན་འགོག་བྱེད་དགོས།

ངལ་རྩོལ་སློབ་གསོ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སློབ་གསོའི་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཡིན་པས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པའི་ངལ་རྩོལ་གྱི་བསམ་པའི་ཉམས་འགྱུར་དང་། ངལ་རྩོལ་གྱི་རིན་ཐང་གཉེར་ཕྱོགས། ངལ་རྩོལ་གྱི་རྩལ་ནུས་ཆུ་ཚད་བཅས་ཐད་ཀར་ཐག་གཅོད་བྱེད་ཀྱི་ཡོད།

དུས་ཡུན་རིང་པོའི་ནང་ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་སློབ་གསོ་དང་ཐོན་སྐྱེད་ངལ་རྩོལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་གསོ་སྐྱོང་བྱེད་པའི་ཐད་གྲུབ་འབྲས་ངེས་ཅན་ཐོབ་ཡོད། དུས་མཚུངས་ད་ཕན་ལོ་ཤས་རིང་གཞོན་ནུ་ལོ་ཆུང་ཁ་ཤས་ཁྲོད་ངལ་རྩོལ་གྱི་གྲུབ་འབྲས་ལ་གཅེས་སྤྲས་མི་བྱེད་པ་དང་། ངལ་རྩོལ་བྱེད་མི་འདོད་པ། ངལ་རྩོལ་བྱེད་མི་ཤེས་པ་བཅས་ཀྱི་སྣང་ཚུལ་ཐོན་ནས་ངལ་རྩོལ་གྱི་ཐུན་མོང་མ་ཡིན་པའི་མི་སྐྱོང་བའི་རིན་ཐང་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་སྣང་མེད་དུ་བཏང་བ་དང་ངལ་རྩོལ་གྱི་སློབ་གསོ་གཏོང་ཤུགས་ཞན་དུ་འགྲོ་བཞིན་ཡོད་པ་ང་ཚོས་མཐོང་ཐུབ། དེར་བརྟེན་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ངལ་རྩོལ་གྱི་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

གང་ཞིག་ལ་དུས་རབས་གསར་པའི་ངལ་རྩོལ་སློབ་གསོ་ཟེར་རམ། 《བསམ་འཆར》ནང་ངལ་རྩོལ་སློབ་གསོ་རྒྱག་པའི་གཙོ་གནད་ནི་བརྒྱུད་རིམ་ལྡན་པའི་རིག་གནས་ཤེས་བྱ་སྦྱོང་བ་ཕུད་དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་སློབ་མ་རྒྱུན་གཏན་གྱི་འཚོ་བའི་ངལ་རྩོལ་དང་། ཐོན་སྐྱེད་ངལ་རྩོལ། ཞབས་ཞུའི་རང་བཞིན་གྱི་ངལ་རྩོལ་བཅས་ནང་ཞུགས་རྒྱུར་སྒྲིག་འཛུགས་བྱས་ཏེ་སློབ་མར་རང་ཉིད་ཀྱི་ལག་པ་འགུལ་ནས་ལག་ལེན་ཁྲོད་ཞུགས་པ་དང་། ནུས་པ་དང་རྔུལ་ཆུ་འདོན་པ། སྦྱོང་བརྡར་བྱེད་པ། སྙིང་སྟོབས་ལ་ཞུན་བརྡར་བཅས་བྱེད་དུ་འཇུག་དགོས་པ་དང་ངལ་རྩོལ་སློབ་གསོ་དང་རིག་སྟོབས་སློབ་གསོ་དབྱེ་བ་ཕྱེ་སྟེ་རིག་གནས་སློབ་ཚན་གྱིས་ངལ་རྩོལ་སློབ་གསོའི་ཚབ་བྱ་རྒྱུ་སྔོན་འགོག་བྱེད་དགོས་ཞེས་གསལ་པོ་བཏོན་པ་རེད།

“《བསམ་འཆར》ནང་བསམ་བློའི་ངོས་འཛིན་དང་། སེམས་ཁམས་ཀྱི་རྣམ་འགྱུར། ནུས་པའི་གོམས་གཤིས་བཅས་ཕྱོགས་གསུམ་ཐད་ནས་སློབ་མ་ཡོངས་ལ་ངལ་རྩོལ་སློབ་གསོའི་དམིགས་ཡུལ་བཏོན་པ་དང་ངལ་རྩོལ་སློབ་གསོའི་བསམ་བློའི་རང་བཞིན་ནན་བཤད་མངོན་གསལ་དོད་པོ་བྱས་ཡོད”ཅེས་སློབ་གསོ་པུའི་འབྲེལ་ཡོད་འགན་ཁུར་བས་བརྗོད། ཞིབ་ཕྲ་བརྗོད་ཚེ། མར་ཁེ་སི་རིང་ལུགས་ཀྱི་ངལ་རྩོལ་ལྟ་བ་ཤེས་རྟོགས་དང་གྲུབ་པ་བྱས་ཏེ་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་བཅས་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། ངལ་རྩོལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་ཐུབ་པ་མྱོང་ཚོར་བྱེད་པ་དང་ངལ་རྩོལ་ལ་མཆོག་དམན་གྱི་དབྱེ་བ་མེད་པའི་ངོས་འཛིན་ཡོང་བ་བྱས་ཏེ་ངལ་རྩོལ་ལ་དགའ་ཞེན་དང་། ངལ་རྩོལ་པ་དཀྱུས་མར་བརྩི་འཇོག་བྱས་ནས་ཧུར་བསྲི་གྲོན་ཆུང་དང་། འབད་འཐབ། གསར་གཏོད། ལེགས་སྐྱེས་འབུལ་བ་བཅས་ཀྱི་ངལ་རྩོལ་གྱི་སྙིང་སྟོབས་སྐྱེད་སྲིང་བྱེད་དགོས་པ། འཚོ་གནས་དང་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་བའི་གཞི་རྩའི་ངལ་རྩོལ་ནུས་པ་ལྡན་པ་དང་ངལ་རྩོལ་གོམས་གཤིས་བཟང་པོ་འཇགས་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད། 

རྒྱུན་གཏན་གྱི་འཚོ་བའི་ངལ་རྩོལ་དང་། ཐོན་སྐྱེད་ངལ་རྩོལ། ཞབས་ཞུའི་རང་བཞིན་གྱི་ངལ་རྩོལ་བཅས་གསུམ་ཕྱོགས་གཅིག་ལས་མི་འཛིན་པ་བྱེད་མི་རུང་།

ངལ་རྩོལ་སློབ་གསོ་རྒྱག་པར་སློབ་ཚན་ལ་བརྟེན་དགོས་པས་ངེས་པར་དུ་དུས་ཚོད་ངེས་ཅན་ཞིག་ཡོད་པའི་འགན་ལེན་བྱེད་དགོས།

སློབ་ཚན་བཀོད་སྒྲིག་ཐད། 《བསམ་འཆར》ནང“སློབ་གྲྭའི་སློབ་ཚན་བཀོད་སྒྲིག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས”ཞེས་མངོན་གསལ་དོད་པོས་ནན་བཤད་བྱས་པ་དང་ངལ་རྩོལ་སློབ་གསོའི་སློབ་ཚན་གྱི་མ་ལག་འཛུགས་པ་དང་སློབ་གྲྭ་འབྲིང་ཆུང་གིས་སྦྱོང་དགོས་ངེས་ཀྱི་སློབ་ཚན་དང་ངལ་རྩོལ་གཟའ་འཁོར་བཀོད་སྒྲིག་བྱེད་པ་དང་དུས་མཚུངས། སློབ་ཚན་གཞན་དག་ཀྱང་ངལ་རྩོལ་སློབ་གསོའི་ནང་དོན་དང་བླང་བྱའི་ནང་ཡག་པོ་འཇུག་དགོས་པའི་ནན་བཤད་ཀྱང་བྱས་ཡོད། ངལ་རྩོལ་སློབ་གསོའི་དུས་ཚོད་ཐད། 《བསམ་འཆར》ནང་གཙོ་བོ་ཕྱོགས་གཉིས་ཐད་ནས་གཏན་འབེབས་བྱས་པ་སྟེ། གཅིག་ནི་སློབ་ཚན་གྱི་དུས་ཚོད་སྤྱོད་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་གི་ངལ་རྩོལ་སློབ་གསོའི་སློབ་ཚན་གཟའ་འཁོར་རེར་ཚོགས་ཐུན་གཅིག་ལས་མི་ཉུང་བ་དང་། ལས་རིགས་སློབ་གླིང་དང་སློབ་གྲྭས་དངོས་སྦྱོང་བྱེད་པ་ཕུད་ཆེད་མངགས་ངལ་རྩོལ་གྱི་སྙིང་སྟོབས་དང་། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་ཀྱི་ཆེད་དོན་སློབ་གསོ་ཚོགས་ཐུན་16ལས་མི་ཉུང་བ་བཀོད་སྒྲིག་བྱེད་པ། སློབ་གྲྭ་ཆེ་མོའི་དངོས་གཞིའི་ཚན་ཁག་དུས་མཚུངས་སུ་ཚོགས་ཐུན་32ལས་མི་ཉུང་བ་བྱེད་པ་བཅས་དང་། གཉིས་ནས་སློབ་གསེང་དང་སློབ་ཕྱིའི་བཀོད་སྒྲིག སློབ་གྲྭ་འབྲིང་ཆུང་གིས་སློབ་མའི་ཉིན་ལྟར་གྱི་སློབ་གསེང་ངལ་རྩོལ་དུས་ཚོད་ཀྱི་གཏན་འབེབས་བཟོ་བ་དང་། སློབ་ཆེན་དང་། སློབ་འབྲིང་། སློབ་ཆུང་བཅས་ཀྱིས་ལོ་ལྟར་ངལ་རྩོལ་གཟའ་འཁོར(མཐོ་རིམ་སློབ་གྲྭས་ཀྱང་ངལ་རྩོལ་ཟླ་བ་བཀོད་སྒྲིག་བྱེད་ཆོག)བཀོད་སྒྲིག་བྱས་ཏེ་སློབ་གསེང་དུ་གཅིག་སྡུད་བཀོད་སྒྲིག་བྱེད་ཆོག་པ། དགོས་ངེས་ཀྱི་ངལ་རྩོལ་ལག་ལེན་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་སློབ་མར་ངལ་རྩོལ་གོམས་གཤིས་ཡག་པོ་ཞིག་འཇགས་རྒྱུར་སྐུལ་མ་གཏོང་ཆེད་རེད།

ངལ་རྩོལ་སློབ་གསོའི་གདེང་འཇོག་ལ་ཤུགས་སྣོན་རྒྱག་པ།

ངལ་རྩོལ་སློབ་གསོ་ནི་དོན་འཁྱོལ་བྱ་རྒྱུ་གཙོ་གནད་ཡིན་ཞིང་། ཇི་ལྟར་བྱས་ཏེ་གདེང་འཇོག་དང་སྐུལ་འདེད་ཀྱི་ནུས་པ་འདོན་དགོས་སམ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་ཆེན་པོ་མེད་པ་དང་ནང་སྐྱེས་སྒུལ་ཤུགས་མི་འདང་བའི་གནད་དོན་ལ་དམིགས་ནས། 《བསམ་འཆར》ནང་གཙོ་བོ་ཕྱོགས་གཉིས་ཀྱི་ཐད་ནས་ངལ་རྩོལ་སློབ་གསོའི་སྐུལ་གཏོང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ལུགས་བཏོན་པ་སྟེ།

གཅིག་ནི་སློབ་མའི་ངལ་རྩོལ་བྱང་ཚད་གདེང་འཇོག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞིང་། ངལ་རྩོལ་རྩལ་ནུས་དང་ངལ་རྩོལ་གྲུབ་འབྲས་འགྲེམས་སྟོན་དང་ངལ་རྩོལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས་སློབ་གྲྭ་དང་སློབ་མའི་ཧུར་བརྩོན་རང་བཞིན་འཕེལ་བར་བྱེད་དགོས་པ་དང་། ངལ་རྩོལ་ལག་ལེན་བརྒྱུད་རིམ་དང་གྲུབ་འབྲས་སློབ་མའི་ཕྱོགས་བསྡུས་བྱང་ཚད་ལ་གདེང་འཇོག་བྱེད་པའི་མ་ལག་ནང་བཅུག་ནས་སྤྱི་བསྒྲགས་དང་ཞིབ་མཆན་ལམ་ལུགས་བཟོས་ནས་བདེན་པ་བདེན་ཐུབ་དང་བློས་འགེལ་ཆོག་པའི་འགན་ལེན་བྱ་རྒྱུ་དང་།

གཉིས་ནི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དང་སྤུས་ཚད་ཚོད་སྐོར་ལ་ཤུགས་སྣོན་བརྒྱབ་ནས། ངལ་རྩོལ་སློབ་གསོ་དེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་མ་ལག་ནང་བཅུག་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། ངལ་རྩོལ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་འབྲས་བུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་དང་འབྲེལ། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོའི་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ཀྱི་གཞི་འཛིན་སར་བརྩི་བ་དང་། ངལ་རྩོལ་སློབ་གསོའི་སྤུས་ཚད་ལྟ་ཞིབ་ཚད་འཇལ་ལམ་ལུགས་འཚོལ་ཞིབ་བྱས་ཏེ་བཟོས་ནས། ངལ་རྩོལ་སློབ་གསོའི་བརྒྱུད་རིམ་གྱི་ཚུར་ལན་དང་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཕྱོགས་གསུམ་ནས་ངལ་རྩོལ་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ།

ངལ་རྩོལ་སློབ་གསོ་ནི་ལག་ལེན་རང་བཞིན་ཤུགས་ཆེ་བའི་བྱེད་སྒོ་ཞིག་ཡིན་ཞིང། སློབ་གྲྭ་ཁ་ཤས་ཀྱིས་སློབ་ཚན་ཁོ་ནའི་ཐོག་ངལ་རྩོལ་སྐོར་གླེང་བའི་གནད་དོན་ལ་དམིགས་ནས། 《བསམ་འཆར》ནང་ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་ཕྱོགས་གསུམ་ནས་ངལ་རྩོལ་སློབ་གསོ་རྒྱ་ཁྱབ་ངང་སྤེལ་དགོས་ལུགས་བཏོན་ཡོད།

ཁྱིམ་བདག་ནི་ཕྲུ་གུའི་དགེ་རྒན་ཨང་དང་པོ་དེ་ཡིན་པ་དང་ཁྱིམ་ཚང་ནི་ངལ་རྩོལ་སློབ་གསོ་རྒྱག་ཡུལ་གཙོ་བོ་དེ་ཡིན་པས་ངལ་རྩོལ་སློབ་གསོའི་ཁྲོད་རྨང་གཞིའི་ནུས་པ་ཐོན་གྱི་ཡོད། ཁྱིམ་བདག་གིས་གཅིག་ནས་ཕྲུ་གུར་རང་རྟོགས་ངང་ངལ་རྩོལ་བྱེད་པ་དང་། རང་ཉིད་ཀྱིས་ལག་པ་འགུལ་བ། དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་ལྷོད་མེད་ངང་ངལ་རྩོལ་བྱེད་པ་བཅས་ཐད་སྐུལ་ལྕག་བྱས་ཏེ། ལོ་ལྟར་འཚོ་བའི་རྩལ་ནུས་གཅིག་ནས་གཉིས་བར་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། གཉིས་ནས་ཕྲུ་གུར་དུས་ཆེན་དང་གུང་གསེང་ཉིན་མོ་སྤྱད་ནས་སྤྱི་ཚོགས་ཀྱི་ངལ་རྩོལ་ནང་ཞུགས་རྒྱུའི་སྐུལ་མ་གཏོང་དགོས་པ། གསུམ་ནས་བླ་ན་མེད་པའི་ངལ་རྩོལ་གྱི་ཁྱིམ་སྲོལ་བཟང་པོ་བཙུགས་ཏེ' ཕྲུ་གུར་ཆུང་དུས་ནས་ངལ་རྩོལ་ལ་དགའ་ཞེན་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱེད་དགོས་པ། བཞི་ནས་སློབ་གྲྭ་དང་སྡེ་ཁུལ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་སློབ་མའི་འཚོ་བའི་རྩལ་ནུས་འགྲེམས་སྟོན་བྱེད་སྒོ་སྤེལ་ནས་ཁྱིམ་ཚང་གི་ངལ་རྩོལ་སློབ་གསོར་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།