ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་བཞི་བ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

 ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཞུགས་པའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན། ཝང་དབྱང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་གོང་འོག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་སླར་གསོ་བྱེད་ཐུབ་པ་བྱུང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ལག་ལེན་ལས་ཏང་ཀྲུང་དབྱང་གིས་རིམས་ནད་ཀྱི་གནས་བབ་ལ་བརྡར་ཤ་གཅོད་པ་དང་ཇུས་ཐག་བཅད་པ་ནི་ཡང་དག་པ་ཡིན་ལ། བྱེད་ཐབས་སྣ་ཚོགས་སྤྱད་པ་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་དགེ་མཚན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་ལྡན་པ་མཚོན་ཡོད།

 ཝང་དབྱང་གིས་བསྟན་དོན། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐབས་ཇུས་དང་སྲིད་དོན་སྐྱོང་རོགས་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་ཕྱོགས་གཉིས་ཤུགས་འདོན་གྱི་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་ངང་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་བྱས་རྗེས་གལ་ཆེན་ཕུལ་ཡོད། ལྷག་པར་དུ་གསོ་རིག་འཕྲོད་བསྟེན་ལས་རིགས་ཀྱི་ཨུ་ཡོན་ཚོས་ལྡོག་སྐྱོད་བྱས་ཏེ་ཤི་ཉེན་ལ་མི་འཛེམས་པར་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོ་ནས་འབད་འཐབ་བྱས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་ཡོངས་སྒྲུབ་དང་མི་དམངས་ཀྱི་ཆེད་དུ་འགན་འཁུར་དང་བླངས་བྱས་པ་རེད།

 ཚོགས་འདུའི་ཐོག2019ལོའི་ལྟ་ཞིབ་དང་རྟོག་ཞིབ་ཀྱི་བྱ་བའི་བཀོད་སྒྲིག་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚོགས་འདུ2019ལོའི་ལོ་སྨད་ཀྱི་བྱ་བའི་གནས་ཚུལ་གྱི་སྙན་ཞུ(འཆར་ཟིན)། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གཙོ་གནད་གྲོས་གཞི་གདམ་གསེས་དང་སྐུལ་སྒྲུབ་བྱ་ཐབས(བཟོ་བཅོས)བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་པ་རེད།

ཀྲུའུ་ཞི་ཚོགས་འདུའི་ཐོག་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ངམ་ཏང་ཙུའི་ཧྲུའུ་ཅི་ལུའུ་ཏུང་ཧྥུའུ་གདན་དྲངས་ནས“ཀྲུང་གོའི་ལྕགས་ལམ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གྲུབ་འབྲས་དང་བློ་སྒོ”ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ་ཏེ2020ལོའི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་སྤེལ་བ་རེད།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་གནང་བ་རེད། ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། ཝན་ཀང་། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མ་པེའོ། ཁྲེན་ཞའོ་ཀོང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། པ་ཐེར། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།