ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་བོ་དང་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2020-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125779357_15853634845091n.jpg

ཀྲུང་དབྱང་བརྙན་འཕྲིན་དྲ་བའི་གློག་འཕྲིན་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་ཁ་པར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་བོ་ཉིད་ཀྱི་མགོ་འཛིན་འོག ཁ་སང་ང་ཚོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱེད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་སྤེལ་བ་དང་། ཕྱོགས་སོ་སོས་མཐུན་སྒྲིལ་གྱིས་རིམས་ནད་འགོག་རྒོལ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་སུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བྱུང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་གསལ་བོ་ཞིག་བཏང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སོ་ཏི་ཨ་རབ་ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་བྱ་བ་མང་བོར་བསྒྲུབ་པར་གཟེངས་བསྟོད་བྱེད་བཞིན་ཡོད། ནད་དུག་ལ་རྒྱལ་ཁོངས་ཀྱི་དབྱེ་བ་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱས་ན་ད་གཟོད་རིམས་ནད་འགོག་རྒོལ་གྱི་རྒྱལ་ཁ་ལོན་ཐུབ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་སྲུང་འཛིན་བྱས་ཤིང་། མཐུན་སྒྲིལ་དང་མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་བྱས་ཏེ། རིམས་ནད་རྒྱ་ཡན་དུ་འགྲོ་བར་མཐའ་གཅིག་ཏུ་བཀག་འགོག་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་སུ་གཏོང་དགོས་། ཀྲུང་གོའི་ཕྱོགས་ཀྱིས་སོ་ཏི་ཨ་རབ་བར་གྱི་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱེད་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་བར་གྱི་མཉམ་ལས་རྣམ་པ་བཟང་བོ་སྲུང་འཛིན་དང་དེར་ཤུགས་སྣོན་བྱེད་འདོད་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་རྗེས་སུ། སྐུ་ཉིད་ཀྱིས་དུས་ཐོག་ཏུ་ང་ཚོར་འཚམས་འདྲི་དང་རྒྱབ་སྐྱོར་བྱས། སོ་ཏི་ཨ་རབ་སྲིད་གཞུང་དང་ལས་རིགས་སོ་སོས་ལང་ལོང་སྒོས་རོགས་སྐྱོར་གྱི་ཕྱག་ཟུང་རིང་དུ་བརྐྱངས་ནས་ཀྲུང་གོའི་ཕྱོགས་ལ་རྒུད་སྐྱོབ་དངོས་རྫས་མང་བོ་འདོན་སྤྲོད་བྱས་པ་ཀྲུང་གོའི་ཕྱོགས་ཀྱིས་ནམ་ཡང་ཡིད་ལ་བཟུང་ཡོད། ཀྲུང་ཧྭ་མི་རིགས་ནི་དྲིན་གཟོ་དང་གུས་ལུགས་ལྡན་པའི་མི་རིགས་ཤིག་ཡིན། དེང་སྐབས་སོ་ཏི་ཨ་རབ་ཀྱང་རིམས་ནད་ཀྱི་འགྲན་རྩོད་དྲག་པོར་འཕྲད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཡིན་པ་དང་། རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་པ་དང་སོ་ཏི་ཨ་རབ་བར་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། སོ་ཏི་ཨ་རབ་ཀྱིས་སྨན་བཅོས་མཁོ་དངོས་ཉོ་བསྡུ་བྱེད་པར་རོགས་རམ་དང་སྟབས་བདེ་བཟོ་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་འཛམ་གླིང་ཡོངས་དང་ས་ཁུལ་གྱི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་ལག་རྡང་སྦྲེལ་ནས། ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

སཱ་ལེ་མན་གྱིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱས་པར་ངས་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོའི་རྒྱལ་ཁ་ལས་འཛམ་གླིང་ཡོངས་ལ་ཡིད་ཆེས་རྒྱས་པར་བྱས་ཡོད་པ་དང་། ང་རང་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ཡིད་ཆེས་ཆེན་པོ་བཅངས་ཡོད། ཀྲུང་གོ་མྱུར་མོར་རིམས་ནད་ལས་རྣམ་པར་རྒྱལ་ནས་སྔར་ལས་སྟོབས་ལྡན་དུ་འགྱུར་ཐུབ་པར་ཡིད་ཆེས་ཡོད། སོ་ཏི་ཨ་རབ་དང་ཀྲུང་གོ་ནི་དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་ཧ་ཅང་མཐོ་ཟེར། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱི་རིམས་ནད་འགོག་བཅོས་ཐད་རོགས་སྐྱོར་ཆེན་པོ་བྱས་པ་སོ་ཏི་ཨ་རབ་མི་དམངས་ཀྱིས་བརྗེད་མི་སྲིད་པ་དང་། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་རྒྱབ་ནས་ལངས་ངེས་ཡིན། སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་ཉམས་མྱོང་བཟང་བོ་དཔྱད་གཞིར་བཟུང་ནས་འཕྲོད་བསྟེན་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།