ཞི་ཅིན་ཕིང་གི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་དམིགས་གསལ་མཐོ་རིམ་གྲོས་ཚོགས་ཐོག་གི་གསུངས་བཤད་གལ་ཆེན།

ཞི་ཅིན་ཕིང་གི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་དམིགས་གསལ་མཐོ་རིམ་གྲོས་ཚོགས་ཐོག་གི་གསུངས་བཤད་གལ་ཆེན། 

1125773845_15852407547841n.jpg

ཟླ3པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་པྲོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་གསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཤིང་《ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་དང་དུས་ངལ་མཉམ་སེལ་བྱེད་དགོས།》ཞེས་པའི་གསུངས་བཤད་གལ་ཆེན་གནང་།  གསར་འགོད་པ་ལི་ཞུའེ་རེན་གྱིས་པར། 

ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་དང་དུས་ངལ་མཉམ་སེལ་བྱེད་དགོས།

--རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཐོག་གི་གཏམ་བཤད།

(2020ལོའི་ཟླ3པའི་ཚེས26ཉིན། པེ་ཅིན།)

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས།

གུས་པར་འོས་པའི་རྒྱལ་པོ་སཱ་ལེ་མན་དང་།

ལས་གྲོགས་རྣམ་པ་ཚོ།

ལྷན་རྒྱས་སྐུ་ཁམས་བཟང་། ཐོག་མར་ངས་རྒྱལ་པོ་ས་ལེ་མན་དང་སོ་ཏི་ཨ་རབ་ཕྱོགས་ཀྱིས་ཐེངས་འདིའི་ཚོགས་འདུའི་འབྲེལ་གཏུག་དང་མཐུན་སྦྱོར་གྱི་ལས་དོན་འབོར་ཆེན་སྒྲུབ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་འཇིགས་ཉེན་ལ་མི་སྐྲག་པར། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས། ཡིད་ཆེས་བརྟན་པོ་དང་དཀའ་ངལ་མཉམ་སེལ། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་ལྟར། དམངས་ཡོངས་སྐུལ་སློང་དང་མཉམ་འགོག་མཉམ་སྲུང་།  ཡོངས་བསྒྲགས་ཁ་གསལ་བཅས་མཐའ་འཁྱོངས་བྱས་ནས་རིམས་ནད་འགོག་བཅོས་བྱེད་པའི་མི་དམངས་དམག་འཐབ་ཅིག་བརྒྱབ་ཡོད། དཀའ་སྤྱད་འབད་བརྩོན་དང་བློས་གཏོང་ཆེན་པོ་བྱས་པ་བརྒྱུད། མིག་སྔར་ཀྲུང་གོའི་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱུང་གིན་ཡོད། འོན་ཀྱང་ང་ཚོས་ད་དུང་དོགས་ཟོན་ལྷོད་གཡེང་དུ་སྤུ་ཙམ་ཡང་གཏོང་མི་རུང་།

ཀྲུང་གོ་ལ་དཀའ་ངལ་ཆེས་ཆེ་བའི་དུས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མིས་ཀྲུང་གོར་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་དང་རྒྱབ་སྐྱོར་བྱས་ལ། ང་ཚོས་མཛའ་བརྩེ་དེ་ཐོག་མཐའ་བར་གསུམ་དུ་བློ་ལ་དམ་པོར་བཟུང་ནས་གཅེས་འཛིན་བྱ་རྒྱུ་ཡིན།

རིམས་འགོས་རང་བཞིན་གྱི་ནད་གཞི་ཚབས་ཆེན་ནི་མིའི་རིགས་ཡོངས་ཀྱི་དགྲ་བོ་རེད། པྲོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཉེན་ཁ་ཧ་ཅང་ཆེན་པོ་བཟོས་པ་དང་། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་འགྲན་སློང་ཧ་ཅང་ཆེན་པོར་འཕྲད་ཡོད་པས། གནས་བབ་འདི་དངོས་གནས་སེམས་ཁྲལ་བྱེད་དགོས་པ་ཞིག་འདུག མིག་སྔར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ནི་ཡིད་ཆེས་བརྟན་པོ་དང་། སེམས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་གྱིས་ཁ་གཏད་འཇལ་དགོས་པ་བཅས་རེད། རྒྱལ་སྤྱིའི་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱབ་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བ་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་དང་འགོ་ནད་ཚབས་ཆེན་བར་གྱི་དམག་འཐབ་ལས་རྣམ་པར་རྒྱལ་དགོས། 

འདིར་ངས་གཤམ་གསལ་གྲོས་འགོ4འདོན་འདོད་དེ། 

དང་པོ། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གོ་ལ་ཧྲིལ་པོའི་འགོག་རྒོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གང་མགྱོགས་ངང་བྱ་འགུལ་སྤེལ་ནས་མཐའ་གཅིག་ཏུ་རིམས་ནད་བྱེར་ཁྱབ་ལ་བཀག་འགོག་བྱེད་དགོས། ངས་འདིར་གྲོས་འགོ་བཏོན་ཏེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་གི་གྲོས་ཚོགས་སྔ་ཙམ་ནས་འཚོགས་ཏེ། ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་རྫས་དང་འགོག་སྨན་ཞིབ་འཇུག་གསར་སྤེལ། རིམས་འགོག་མཉམ་ལས་བཅས་བྱས་ཏེ་རིམས་ནད་རྒྱལ་མཚམས་ལས་བརྒལ་ནས་ཁྱབ་པར་སྔོན་འགོག་ནུས་ལྡན་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་ཞན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་རྒྱུར་མཉམ་འབྲེལ་སྒོས་རོགས་རམ་བྱེད་དགོས། ངས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རིམས་ནད་འགོག་བཅོས་ལ་རོགས་སྐྱོར་བྱ་རྒྱུའི་གྲོས་འགོ་བཏོན་ཏེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག ཆ་འཕྲིན་སྤེལ་རེས་དང་སྲིད་ཇུས་མཐུན་སྦྱོར། བྱ་སྤྱོད་གཞོགས་འདེགས་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་བཏོན་པ་ཡིན།  ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་སོ་སོ་དང་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་ནུས་ལྡན་བྱེད་ཐབས་མཉམ་སྤྱོད་དང་། སྨན་རྫས་དང་འགོག་སྨན་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ། རིམས་ནད་ཁྱབ་པའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་སྐྱོར་བྱེད་འདོད་ཡོད། 

གཉིས་པ། རྒྱལ་སྤྱིའི་མཉམ་འགོག་མཉམ་བཅོས་ནུས་ལྡན་བྱེད་དགོས། ནད་དུག་ལ་རྒྱལ་མཚམས་མེད། རིམས་ནད་ནི་ང་ཚོའི་ཐུན་མོང་གི་དགྲ་བོ་ཡིན། རྒྱལ་ཁབ་སོ་སོས་ངེས་པར་དུ་ལག་གདང་སྦྲེལ་ནས་མཉམ་འགོག་མཉམ་བཅོས་ཀྱི་དྲ་བ་ཆེས་ནན་ཤོས་ཤིག་འཛུགས་དགོས། ཀྲུང་གོས་རྒྱལ་ཁབ་ཚང་མར་སྒོ་ཕྱེས་པའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་ཐོག་ཤེས་བྱའི་ལྟེ་གནས་བཙུགས་ཡོད། རྒྱལ་ཁབ་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཐུན་མོང་མཉམ་ལས་བྱས་ཏེ་སྨན་རྫས་དང་། འགོག་སྨན། ཞིབ་དཔྱད་ཚད་ལེན་སོགས་ཐད་ཀྱི་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ཇེ་མགྱོགས་སུ་བཏང་སྟེ་མིའི་རིགས་ཡོངས་ལ་ཕན་པའི་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་སྔ་ཙམ་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས། ས་ཁོངས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་འབྲེལ་གཏུག་ལམ་སྲོལ་འཚོལ་ཞིབ་ཀྱིས་བཙུགས་ཏེ་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་ཁ་གཏད་འཇལ་བའི་འགྲོས་ཚད་མཐོ་རུ་གཏོང་དགོས།

གསུམ་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་ཧུར་ཐག་བྱ་དགོས། ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཚན་རིག་དང་ལུགས་མཐུན་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་བཟོས་ཏེ་ནུས་ཤུགས་ཡོད་རྒུས་རིམས་ནད་ས་ཁོངས་ལས་བརྒལ་ཏེ་མཆེད་པར་སྔོན་འགོག་བྱ་དགོས། ངས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། ཁྱོན་ཡོངས་ནས་ནུས་ལྡན་གྱིས་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་ཁྱབ་གདལ་གཏོང་བའི་བསམ་འཆར་བཏོན་པ་ཡིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འབྲེལ་འདྲེས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་སྲིད་ཇུས་བགྲོ་གླེང་དང་སྤེལ་རེས་ལ་ཤུགས་སྣོན་རྒྱབ་སྟེ། དུས་དང་བསྟུན་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་མཐོ་རིམ་ཚོགས་འདུ་འཚོགས་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།

བཞི་པ། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་དགོས། རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་དགོས་མཁོར་ཁྱོན་ཡོངས་ནས་ཤུགས་རྐྱེན་བཟོས་ཡོད་པས། རྒྱལ་ཁབ་སོ་སོས་སྤྱི་ཁོག་སྲིད་ཇུས་ཀྱི་ཁ་གཏད་གཅོག་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་རྒྱུར་སྔོན་འགོག་བྱེད་དགོས། ནུས་ལྡན་ཤུགས་ཆེན་གྱི་ནོར་སྲིད་དང་དངུལ་ལོའི་སྲིད་ཇུས་ལག་ལེན་བསྟར་ནས་རྒྱལ་ཁབ་སོ་སོའི་དངུལ་ལོའི་དངུལ་བརྗེས་འཛའ་ཐང་གཞི་རྩའི་ཆ་ནས་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་དངུལ་རྩའི་ཁྲོམ་ར་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་དགོས། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་རླིང་ཡོང་བར་སྲུང་སྐྱོང་བྱེད་དགོས་ཤིང་། ཀྲུང་གོས་རྒྱལ་སྤྱིའི་ཁྲོམ་རར་མ་བཅོས་རྒྱུ་ཆ་དང་སྨན། འཚོ་བའི་མཁོ་རྫས། རིམས་འགོག་དངོས་ཟོག་སོགས་ཀྱི་ཐོན་རྫས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། བུད་མེད་དང་བྱིས་པར་སྲུང་སྐྱོང་དང་། རྒན་པ་དང་དབང་བོ་སྐྱོན་ཅན་སོགས་ཉམས་ཞན་ཚོགས་སྤྱི་ལ་སྲུང་སྐྱོང་། མི་དམངས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བཅས་བྱ་དགོས། ཀྲུང་གོས་མུ་མཐུད་ནས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་གཟབ་བརླིང་ལྡན་པའི་དངུལ་ལོའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་ལ། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་རྒྱ་སྐྱེད་དང་། ཚོང་རར་ཞུགས་འཐུས་ཇེ་ཡངས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། ཕྱི་ཕྱོགས་ལ་མ་དངུལ་འཇོག་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་བརྟན་བརླིང་ཡོང་བར་ལེགས་སྐྱེས་འབུལ་རྒྱུ་ཡིན། 

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་མིས་ཐུན་མོང་གི་བྱེད་ཐབས་སྤྱད་དེ་སྒོ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དང་། བཀག་རྒྱ་མེད་པར་བཟོ་རྒྱུ། ཉོ་ཚོང་ཤར་བགྲོད་ཐུབ་རྒྱུ་བཅས་བྱས་ཏེ་བརྡ་རྟགས་ནུས་ལྡན་བཏང་ནས་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཡོང་བའི་བློ་སྟོབས་འཕེལ་བར་འབོད་སྐུལ་བྱ་རྒྱུ་ཡིན། ང་ཚོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བྱ་འགུལ་གྱི་འཆར་གཞི་གཏན་འབེབས་བྱ་འོས་པར་མ་ཟད།རིམས་ནད་འགོག་བཅོས་ཀྱི་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུའི་ཐད་ལ་དུས་ཐོག་ཏུ་དགོས་ངེས་ཀྱི་ལམ་སྲོལ་རང་བཞིན་གྱི་མཐུན་སྦྱོར་དང་བཀོད་སྒྲིག་ཀྱང་བྱ་འོས།

ལས་གྲོགས་རྣམ་པ་ཚོ།

འགག་རྩའི་དུས་སྐབས་འདིར། ང་ཚོས་འགྲན་སློང་ལ་ཁ་གཏད་ཅིང་མགྱོགས་མྱུར་ཀྱི་བྱ་འགུལ་སྤེལ་དགོས། ང་ཚོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རོགས་རེས་བྱས་ན་རིམས་ནད་ལས་རྣམ་པར་རྒྱལ་བ་དང་།མིའི་རིགས་ཀྱི་འཕེལ་རྒྱས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ཐུབ་ངེས་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།

ལྷན་རྒྱས་ཐུགས་རྗེ་ཆེ། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།