ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས25ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོར་པྲོག་གསར་གློ་ཚད་རིམས་ནད་བྱུང་པའི་དུས་འགོར། ཁྱེད་ཀྱིས་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་ཞུས་པ་དང་། འཇར་མན་སྲིད་གཞུང་དང་ལས་རིགས་སོ་སོས་རོགས་སྐྱོར་བྱས་པ་དེ་ཀྲུང་གོ་མི་དམངས་ཀྱིས་ཡིད་ལ་བརྟན་པོར་ངེས་ཡོད། མིག་སྔར་འཇར་མན་ལ་རིམས་ནད་ཀྱི་འགྲན་སློང་དྲག་པོར་འཕྲད་པ་ལ་ཀྲུང་གོ་མི་དམངས་ཀྱིས་བདེ་སྡུག་རང་མྱོང་གི་བསམ་ཚུལ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་འཇར་མན་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཏེ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་ཀྱིས་བརྙན་ལམ་བརྒྱུད་དེ་སྤེལ་རེས་བྱས་པ་དང་། འཇར་མན་གྱི་ཆེད་ལས་མཁས་པ་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་ཚོགས་ཆུང་དང་མཉམ་དུ་ཀྲུང་གོར་རྟོག་ཞིབ་ཕེབས་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་ལ་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་ལ་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་དང་དེ་བཞིན་གོ་ལ་ཧྲིལ་པོའི་སྤྱིའི་འཕྲོད་བསྟེན་བདེ་འཇགས་ཐད་སྟོབས་ཤུགས་འབུལ་འདོད་ཡོད་ལ། ཁྱེད་ཀྱིས་འཇར་མན་མི་དམངས་ཀྱི་སྣེ་ཁྲིད་དེ་སྔ་མོ་ནས་རིམས་ནད་ལས་རྒྱལ་ཁ་ལེན་པར་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

 ཞི་ཅིན་ཕིང་གིས་བསྟན་དོན། ནད་དུག་ལ་རྒྱལ་མཚམས་མེད་ཅིང་། དེ་ནི་མིའི་རིགས་ཡོངས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། རྒྱལ་ཁབ་གང་གིས་ཀྱང་དེེར་སྣང་མེད་ཁུར་མེད་མི་བྱེད་པར། རང་མགོ་རང་ཐོན་བྱེད་དགོས། ཐེངས་འདིའི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་བར་མཐུན་སྒྲིལ་མཉམ་ལས་ཀྱི་སྟོབས་ཤུགས་མངོན་པ་དང་དྲང་ནུས་འདོན་སྤེལ་བྱས་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་ཀྱིས་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་མི་འགྱང་བར་འཚོགས་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཚུད་པའི་ཕྱོགས་སོ་སོའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་གྱིས་རིམས་ནད་འགོག་བཅོས་བྱེད་པའི་འབོད་སྐུལ་བཏང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།  དེང་སྐབས་དང་ཡུན་རིང་ལ་དམིགས་ནས་རྒྱལ་ནང་གི་ཕན་འབྲས་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་སྤྱི་འདོམས་བྱེད་པ་དང་། སྤྱིའི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་བརྟན་པོ་དང་། འཕར་སྣོན་འགན་ལེན། ལས་ཞུགས་བརྟན་པོ། དམངས་འཚོ་འགན་ལེན་བཅས་བྱེད་པ་དང་ཆབས་ཅིག་ཁྲོམ་ར་སྒོ་འབྱེད་པར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་སྒོ་འབྱེད་དང་། བརྟན་ལྷིང་། བདེ་འཇགས་བཅས་ཡོང་བར་འགན་ལེན་བྱེད་དགོས་ཞེས་གསུང་བ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཆབ་སྲིད་ཀྱི་གྲོས་རིམ་འཆར་འགོད་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་ཀྱི་ཐོན་ལས་འཁོར་འབྲེལ་དང་། མཁོ་སྤྲོད་སྦྲེལ་ཐག་བཅས་བརྟན་པོ་ཡོང་བར་འགན་ལེན་བྱེད་པ་དང་མི་མངོན་པའི་གསར་དར་ཐོན་ལས་མཉམ་ལས་ཀྱི་སྟོབས་ཤུགས་སྔོག་འདོན་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས་ཞེས་གསུང་།

  མོ་ཁེར་གྱིས་བཤད་རྒྱུར། མིག་སྔར་ཡོ་རོབ་ཀྱི་རིམས་ནད་གནས་ཚུལ་ཛ་དྲག་ཆེ་བས། འཇར་མན་ཕྱོགས་ཀྱིས་འཕྲལ་སྒྲུབ་ཐག་གཅོད་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱོད་བཞིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོས་དུས་ཐོག་དུ་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་མཉམ་ལས་བྱས་ཏེ། མཐུན་སྒྲིལ་གྱིས་རིམས་ནད་འགོག་བཅོས་ཀྱི་མིག་དཔེ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། འཇར་མན་ཕྱོགས་ཀྱིས་དོན་དངོས་ལ་གཞིགས་ནས་དངོས་ཡོད་གཞུང་དྲང་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་བརྒྱུད་ནས་རིམས་ནད་ལ་ཐུན་མོང་གིས་ཁ་གཏད་གཅོག་རྒྱུའི་འདོད་ཚུལ་འཛིན་གྱིན་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་མིག་སྔའི་ཉེན་ཁ་ཁྱད་གསོད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོ་ཡོང་ཆེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་དང་། འཇར་མན་ཕྱོགས་ཀྱིས་རིམས་ནད་བྱུང་རྗེས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་འཇར་མན་དང་ཀྲུང་གོ ཡོ་རོབ་དང་ཀྲུང་གོའི་བར་གྱི་མཉམ་ལས་གལ་ཆེན་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ཅེས་གསུང་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།