ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོས་རིམས་ནད་འགོག་བཅོས་ཚོད་འཛིན་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཁོང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་ཕྱོགས་གཉིས་ཀར་རྒྱལ་སྤྱི་དང་ས་ཁུལ་གྱི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པས། ཕྱོགས་གཉིས་ཀྱིས་ལྷག་བསམ་རྣམ་དག་སྒོས་མཉམ་ལས་བྱེད་དགོས་པ་དང་མཉམ་འབྲེལ་སྒོས་ལས་གཞིར་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཁོངས་བརྒལ་བའི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་མཉམ་ལས་ལ་ཤུགས་སྣོན་ཞིང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱ་བར་རྒྱ་སྐྱོར་བྱེད་པ་དང་། ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱིས་རིམས་ནད་འགོག་སྲུང་བྱ་བ་བཟང་བོར་སྒྲུབ་པར་མཉམ་དུ་རོགས་རམ་བྱས་ནས། ཧུར་ཐག་སྒོས་འཕྲོད་བསྟེན་བདེ་ཐང་གི་ལས་དབང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་དགོས་ཟེར།

མ་ཁི་ལུང་གིས་ཐོག་མར་དེང་སྐབས་ཧྥ་རན་སི་རྒྱལ་ཁབ་ཀྱི་རིམས་ནད་གནས་བབ་དང་དེའི་ཐད་ལ་སྤྱད་པའི་འབྲེལ་ཡོད་བྱེད་ཐབས་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་ཐུང་བའི་ནང་ནུས་ལྡན་སྒོས་རིམས་ནད་ཚོད་འཛིན་བྱས་པར་བདག་གིས་དེའི་ཐད་ལ་གཟེངས་བསྟོད་བྱེད་པ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཕྲོད་བསྟེན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་སོ་སོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཕྱོགས་མང་སྤྱི་ཁོག་ནང་དུ་མཉམ་ལས་ལས་ལ་ཤུགས་སྣོན་པར་མཉམ་དུ་སྐུལ་འདེད་གཏོང་བར་མ་ཟད། ལག་རྡང་སྦྲེལ་ཏེ་རིམ་ནད་ལས་རྣམ་པར་རྒྱལ་པར་བྱེད་པ་དང་རིམས་ནད་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པར་ཁ་གཏད་འཇལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།