ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས་ཕོ་ལན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོས་ཀྲུང་གོའི་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པ་དེ་ཀྲུང་གོ་མི་དམངས་ཀྱི་སེམས་སུ་དམ་པོར་བཟུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་སྲིད་གཞུང་དང་ཕོ་ལན་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཕོ་ལན་དང་བཅས་པའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་བདུན་དང་མཉམ་དུ་འཕྲོད་བསྟེན་ཆེད་མཁས་པའི་བརྙན་རིས་གྲོས་ཚོགས་བསྡུས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཆ་འཕྲིན་དང་འབྲེལ་ཡོད་བྱེད་ཐབས་དུས་ལྟར་མཉམ་སྤྱོད་བྱས་པར་མ་ཟད། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་བཅངས་ཏེ། ཕོ་ལན་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་རིམས་འགོག་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་གི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་རིམས་ནད་ལས་རྣམ་པར་རྒྱལ་བར་སྟོབས་ཤུགས་དང་ཡིད་ཆེས་སྩོལ་མཁན་ནི་ཀྲུང་གོ་མི་དམངས་ཡིན། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ཡིས་དཀའ་སྡུག་མཉམ་ཁུར་དང་བློ་སེམས་གཅིག་མཐུན། ཡིད་ཆེས་བརྟན་པོ་བཅས་བཅངས་ཏེ་ཐེངས་འདིའི་རིམས་ནད་ལ་འཐབ་རྩོད་མཐར་ཕྱིན་བྱས་པ་རེད། ཀྲུང་གོའི་རྒྱ་ཆེ་བའི་སྨན་བཅོས་མི་སྣ་ཡོངས་ཀྱིས་རང་སྲོག་འཛེམ་མེད་དང་གཏོང་ཕོད་ཀྱི་བླ་ན་མེད་པའི་སྙིང་སྟོབས་ཀྱིས་ང་ཚོར་ཡིད་འགུལ་ཟབ་མོ་ཐེབས་སུ་བཅུག་སོང་། མི་དམངས་ནི་ངེས་པ་དོན་གྱི་དཔའ་བོ་ཡིན་ལ། ནམ་ཡང་མི་དམངས་དང་དམ་པོར་སྦྲེལ་ན་ང་ཚོ་རྒྱལ་མི་ཐུབ་པའི་དཀའ་ཁག་ཅི་ཡང་མེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཐུབ་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཕོ་ལན་ནི་ཀྲུང་གོར་མཚོན་ན་ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན། ཀྲུང་གོས་ཕོ་ལན་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་བར་གྱི་ཡིད་ཆེས་དང་འཐབ་ཇུས་ཡིད་ཆེས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཕོ་ལན་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་དང་། ཡོ་རོབ་གླིང་དབུས་མའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་མཉམ་དུ་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཏུའུ་ཏ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནུས་ལྡན་ཕན་ཡོད་ཀྱི་བྱེད་ཐབས་སྤྱད་དེ་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཕན་ནུས་ལྡན་པའི་འགོག་བཅོས་ཚོད་འཛིན་བྱས་པ་རེད། བདག་གིས་འདིར་ཀྲུང་གོ་མི་དམངས་དང་རིམས་ནད་འགོག་བཅོས་བྱེད་པའི་ཀྲུང་གོའི་སྨན་བཅོས་མི་སྣ་ཡོངས་ལ་སེམས་གཏིང་ནས་གུས་བཀུར་ཞུས་པ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་ཉམས་མྱོང་ནི་ཕོ་ལན་ཕྱོགས་ལ་མཚོན་ན་དཔེ་ལྟའི་རིན་ཐང་ལྡན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།