ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་སྒྲུབ་པ་དང་མཉམ་དུ་གོ་རིམ་ལྡན་པའི་སྒོ་ནས་གསར་བཟོ་ལས་རིགས་དང་འཁོར་རྒྱུག་ལས་རིགས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་པ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་སྐྱོད་ཚོང་སྐྱེལ་ནུས་པ་མཐོར་འདེགས་སུ་བཏང་ནས་ཧུར་ཐག་སྒོས་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་སུ་གཏོང་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་འཛམ་གླིང་ཡོངས་སུ་རིམས་ནད་བྱུང་བ་ཚབས་ཆེན་ཡིན་པ་དེས་འཛམ་གླིང་གི་དཔལ་འབྱོར་ཐད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། རྒྱལ་ནང་གི་དཔལ་འབྱོར་ཡང་འགྲན་རྩོད་གསར་བ་དང་འཕྲད་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ནུས་ལྡན་དགོས་མཁོ་སྔར་ལས་རྒྱ་བསྐྱེད་དགོས་པ་དང་། ཁེ་ལས་རོགས་རམ་བྱེད་པ་དང་ལས་ཞུགས་བརྟན་འཇགས་སུ་གཏོང་དགོས་ལ། དམིགས་ཡུལ་ཡོད་པའི་སྒོ་ནས་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་སྐྱོད་ཚོང་སྐྱེལ་ནུས་པའི་ཕྱོགས་སུ་ཞན་ཆ་ངེས་ཅན་ཞིག་ཡོད་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་འོག་རྒྱལ་སྤྱིའི་མཁའ་སྐྱོད་ཚོང་སྐྱེལ་ནུས་པ་ཅུང་ཞན་པ་དེས་རང་རྒྱལ་ཐོན་ལས་ཀྱི་རྒྱལ་སྤྱིའི་མཁོ་འདོན་ཕྲེང་འབྲེལ་ལ་ཤུགས་རྐྱེན་ཐེབས་པས། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་སྐྱོད་ཚོང་སྐྱེལ་ནུས་པ་མཐོར་འདེགས་སུ་བཏང་ནས། སྐྱེལ་འདྲེན་མཁོ་འདོན་འགན་སྲུང་བྱེད་དགོས་པར་མ་ཟད་དངོས་རྒྱུག་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

ཚོགས་ཐོག་ནས་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།