ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁེ་ལས་གཙོ་བོ་ལས་འགོ་བསྐྱར་འཛུགས་བྱེད་ཚད88%ཟིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་འགན་ལེན་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཞིང་ལས་གྲོང་གསེབ་པུའུ་འདེབས་ལས་དོ་དམ་སིའི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཤེ་ཡན་གྱིས། ལས་དོན་མི་སྣས་འབད་བརྩོན་བྱས་པ་བརྒྱུད་ད་ཆ་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་ཀྱི་དུས་བབ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁེ་ལས་གཙོ་བོ་ལས་འགོ་བསྐྱར་འཛུགས་བྱེད་ཚད་88%ཟིན་པ་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་སྒོ་བསྟེན་ཚོང་ཁང་ཚོང་གཉེར་བྱེད་ཚད་90%ཟིན་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་བཞི་ཆ་གཅིག་ཏུ་སྒོ་བསྟེན་ཚོང་ཁང་དང་དེ་བཞིན་ཁེ་ལས་ལས་འགོ་བསྐྱར་འཛུགས་བྱེད་ཚད་བརྒྱ་ཆ་བརྒྱ་ཟིན་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་བྱེད་ཚད་རྒྱུན་གཏན་ལྟར་སླར་གསོ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་སྤུས་ཚད་འགན་ལེན་བྱ་ཆེད་ཞིང་ལས་གྲོང་གསེབ་པུའུ་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་འདོམས་སིའི་སི་ཀྲང་གཞོན་པ་ཧོང་ཤེའུ་ཀྲུའུ་ཡིས། ཟླ་3ཚེས་10ཉིན་ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་སུ་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མར་རྡུང་རྡེག་གཏོང་བའི“དཔྱིད་ཀྱི་འབྲུག་སྒྲའི”བྱ་སྤྱོད་བཀོད་སྒྲིག་བྱས་ནས་སྤེལ་བ་རེད། མིག་སྔར་ཞིང་ཆེན་ཁག་གིས“དཔྱིད་ཀྱི་འབྲུག་སྒྲའི”བྱ་སྤྱོད་སྤེལ་བ་དང་། རིམས་ནད་ཁྲོད་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་གྱིས་སྔ་ས་ནས་གྲལ་བཤེར་དང་ལྟ་སྐུལ་འཐེན་བཤེར་བྱས་པས“དཔྱིད་ཀྱི་འབྲུག་སྒྲའི”བྱ་སྤྱོད་ཀྱི་ཟིལ་ཤུགས་རགས་ཙམ་མངོན་ཡོད་ཅེས་བརྗོད་པ་རེད།

སྤྱི་བདེ་པུའུ་བཟའ་བཅའ་དང་སྨན་རྫས་ཉེས་གསོག་མྱུལ་ཞིབ་ཅུས་ཀྱི་སྐོར་ཞིབ་པ་ཅུས་ཀྲང་གཞོན་པ་ཏུའུ་ཡན་གྱིས། ཉིན་ཤས་བསྟུད་མར་ལེའོ་ཉིང་དང་། ཧེ་ལུང་ཅང་། ཅང་སུའུ། ཧྥུའུ་ཅན། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཀོང་ཏུང་། ཁྲུང་ཆིང་སོགས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྫུས་མ་དང་སྤུས་ཞན་གྱི་སོན་དང་། རྫས་ལུད། ཞིང་སྨན། ཕྱུགས་སྨན་བཅས་བཟོ་བ་དང་ཕྱིར་ཚོང་བྱས་པའི་གྱོད་གཞི་ཁག་གཅིག་མྱུལ་ཞིབ་ཐུབ་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མ་དང་སྤུས་ཞན་དེ་ཚོ་ཁྲོམ་ར་ནས་མི་ཐོན་པ་བྱས་ཡོད། དེའི་ནང་ཧའེ་ནན་གྱིས་མྱུལ་སྒྲུབ་བྱས་པའི་ཀུང་སི་ཞིག་གིས་ཞིང་སྨན་རྫུས་མ་བཟོ་བ་དང་ཕྱིར་ཚོང་བྱས་པའི་གྱོད་གཞིའི་ནང་ཞིང་སྨན་རྫུས་མ་དང་སྤུས་ཞན་སྣ་ཁ་50ལྷག་ཙམ་ཞིབ་བཤེར་ཐུབ་པ་དང་གྱོད་འབྲེལ་རིན་ཐང་སྒོར་ཁྲི་1900ལྷག་ཙམ་ཟིན་ཡོད་ཅེས་བརྗོད་པ་རེད།

ཞིང་ལས་ཐོན་སྐྱེད་རྒྱུ་ཆ་སྐྱེལ་འདྲེན་འགན་ལེན་ལས་དོན་ཡག་པོ་སྒྲུབ་པའི་ཐད་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སྐྱེལ་འདྲེན་ཞབས་ཞུ་སིའི་སི་ཀྲང་གཞོན་པ་ཝང་ཤེའུ་ཁྲུན་གྱིས། མིག་སྔར་རྒྱལ་ཡོངས་ཀྱི་བཀག་སྒོ་སྣ་ཚོགས་ཕྱིར་འཐེན་བྱེད་དགོས་རིགས་ཕྱིར་འཐེན་དང་ཤར་གཏོང་བྱེད་དགོས་རིགས་ཤར་གཏོང་བྱས་ཡོད། ཟླ་3ཚེས་21ཉིན་བར་ས་གནས་ཁག་གིས་ཞབས་ཞུ་ཁུལ་དང་། མྱུར་བགྲོད་གཞུང་ལམ་གྱི་ཐོན་སྒོ་དང་འཛུལ་སྒོ། རྒྱལ་ལམ་དང་ཞིང་ཆེན་ལམ་དཀྱུས་མ། འགྲུལ་སྐྱེལ་ས་ཚིགས། འགྲུལ་སྐྱེལ་གྲུ་ཁ་སོགས་སུ་བཀོད་སྒྲིག་བྱས་པའི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་ས་ཚིགས་ཀྱང་ཇེ་ཉུང་དུ་བཏང་ཡོད། མིག་སྔར་ཞིབ་བཤེར་ས་ཚིགས་8000ལྷག་ཙམ་ཡོད་པ་དེ་རིམས་ནད་ཐོན་མང་བའི་སྐབས་དང་བསྡུར་ན་ཁྲི་1.2ཉུང་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད།

“འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དངོས་ཟོག་དང་ཞིང་འཕྲུལ་དང་ཞིང་ལས་ཡོ་ཆས་བརྒྱུད་འདྲེན་བྱ་རྒྱུ་དེ་འཕྲལ་སྡོམ་སྐྱེལ་འདྲེན་གྱི་ཐོགས་མེད་བགྲོད་ལམ་གྱི་སྲིད་ཇུས་ནང་བཅུག་ནས་སྐྱེལ་འདྲེན་ཁེ་ལས་ཀྱིས་རྒྱལ་ཡོངས་སུ་གཅིག་གྱུར་གྱི‘རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་དངོས་ཟོག་དང་མི་སྣ་སྐྱེལ་འདྲེན་རླངས་འཁོར་འགྲོ་སྐྱོད་ཆོག་པའི་ལག་ཁྱེར’པར་འདེབས་བྱས་ནས་སྐྱེལ་འདྲེན་རླངས་འཁོར་ཁ་འགོག་མི་དགོས་པ་དང་། ཞིབ་བཤེར་བྱེད་མི་དགོས་པ། གྲོན་དངུལ་སྤྲོད་མི་དགོས་པར་སྔོན་ལ་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཟོག་འགྲེམས་འགན་ལེན་གཞུང་དོན་ཁང་གིས་ཕྱི་ཕྱོགས་སུ་ཞབས་ཞུའི་ཁ་པར་ཡོངས་བསྒྲགས་བྱས་ཏེ་ཆུ་ཚོད་24ཡི་རིང་ས་གནས་ཁག་གི་སྐྱེལ་འདྲེན་དགོས་མཁོ་དང་འབྲེལ་གཏུག་བྱས་ནས་སྤྱི་འདོམས་བཀོད་གཏོང་བྱེད་ཀྱི་ཡོད”ཅེས་ཝང་ཤེའུ་ཁྲུན་གྱིས་བརྗོད་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།