སྡེ་ཚན་བཞིས་མཉམ་འབྲེལ་ཐོག2020ལོའི་དྲ་རྒྱའི་དབུལ་སྐྱོར་ལས་ཀའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་། བཟོ་འཕྲིན་པུའུ་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་ཐོག《2020ལོའི་དྲ་རྒྱའི་དབུལ་སྐྱོར་ལས་དོན་གྱི་གཙོ་གནད》བཀྲམ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཤིན་ཏུ་དབུལ་བའི་ཚར་གཅོད་དམག་འཐབ་སྟོབས་ཤུགས་གཅིག་སྡུད་ཀྱིས་ཡག་པོ་རྒྱག་པ། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྔོན་ལ་རོགས་རམ་བྱེད་པ་སོགས་ཕྱོགས་8ཀྱི་གཙོ་གནད་ལས་འགན་ཁག་28བཀོད་སྒྲིག་བྱས་པ་རེད།

ལས་ཀའི་གཙོ་གནད་ནང་2020ལོའི་དྲ་རྒྱའི་དབུལ་སྐྱོར་ལས་ཀའི་དམིགས་ཚད་ཁ་གསལ་བཟོས་པ་དང་། 2020ལོའི་ལོ་མཇུག་གོང《དྲ་རྒྱའི་དབུལ་སྐྱོར་བྱ་སྤྱོད་འཆར་གཞིའི》དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་པ་མ་ཟད་སྲ་བརྟན་དང་གོང་མཐོར་གཏོང་རྒྱུ་རེད།  དྲ་རྒྱ་ཁྱབ་པའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་པ་དང་4Gཤར་གཏོང་ཐུབ་པའི་བསྡུར་ཚད་99%ཟིན་པ་དང་གྲོང་ཚོ་དབུལ་པོར་དྲ་ཆེན་ཤར་གཏོང་ཐུབ་པའི་བསྡུར་ཚད་99%ཟིན་པ་བྱ་རྒྱུ་རེད། དྲ་ཐོག་ཚོང་ཁང་གི་ཞབས་ཞུ་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པ་དང་། མྱུར་སྐྱེལ་ཞབས་ཞུ་ཤང་ཚང་མར་དྲ་ཚིགས་ཡོད་པ་སྤྱིར་ན་མངོན་འགྱུར་ཐུབ་པ། དྲ་ཐོག་ཚོང་ཁང་གིས་དུད་ཚང་དབུལ་པོར་འབབ་འཕར་ཡོང་རོགས་བྱེད་པའི་ནུས་པ་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་རེད། ཆ་འཕྲིན་ཞབས་ཞུའི་མ་ལག་དེ་བས་འཐུས་སྒོ་ཚང་བ་དང་དྲ་རྒྱའི་སྤྱི་ཕན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་མི་ཚང་མ་ཞུགས་པའི་དྲ་རྒྱའི་དབུལ་སྐྱོར་གྱི་རྣམ་པ་ཆེན་པོ་ཆགས་པ་བྱ་རྒྱུ་རེད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ཐད་ཀྱི་ལས་ཀའི་གཙོ་གནད་ནང་ལས་འགན་གཙོ་བོའི་ཁོངས་སུ་ཆ་འཕྲིན་ཅན་གྱི་བྱ་ཐབས་གང་ལེགས་སྤྱད་དེ་ས་ཁུལ་དབུལ་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་སྒྲུབ་པ་དང་། སྤྲིན་ཚོམ་རྩིས་རྒྱག་དང་གྲངས་གཞི་ཆེ་མོ་སོགས་ཀྱི་བྱ་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གྲངས་གཞིའི་འདེགས་སྐྱོར་བྱེད་པ། དྲ་རྒྱའི་དབུལ་སྐྱོར་ཆ་འཕྲིན་གྱི་དམངས་ཕན་ཞབས་ཞུ་རྒྱ་སྐྱེད་ཧུར་ཐག་བཏང་ནས་སྔར་ཡོད་ཀྱི་ཐོན་ཁུངས་ལ་གང་ལེགས་བརྟེན་ཏེ་འབྲེལ་ཡོད་སྒྲིག་གཞིར་རྒྱང་ཁྲིད་སློབ་གསོ་དང་། རྒྱང་ཁྲིད་སྨན་བཅོས། རྒྱང་ཁྲིད་སེམས་ཁམས་བདེ་ཐང་སློབ་གསོ་བཅས་བྱ་རྒྱུར་སྐུལ་ལྕག་བྱས་ནས་སྨན་པ་བསྟེན་པ་དང་། འགྲིམ་འགྲུལ། འཚོ་བའི་ཞབས་ཞུའི་ཆ་འཕྲིན་སོགས་དུས་ཐོག་ཏུ་མཁོ་འདོན་བྱ་རྒྱུ་ཚུད་ཡོད།

དམིགས་བསལ་གྱི་ཚོགས་སྤྱི་དབུལ་པོར་སྔོན་ལ་རོགས་སྐྱོར་བྱེད་པའི་ཐད་དམིགས་བསལ་གྱི་ཚོགས་སྤྱི་དབུལ་པོའི་ཆ་འཕྲིན་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས“དྲ་སྦྲེལ་དང་སྤྱི་པའི་ལས་ཞུགས་ཞབས་ཞུ་ཟུང་དུ་སྦྲེལ་རྒྱུར”སྐུལ་འདེད་གཏོང་བ་དང་། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་དབུལ་པོ་རང་ལོག་གི་མང་ཚོགས་ལ་རོགས་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས“དྲ་སྦྲེལ་དང་སྨན་བཅོས་བདེ་ཐང་ཟུང་དུ་སྦྲེལ་རྒྱུར”སྐུལ་འདེད་གཏོང་བ། གཞིས་ལུས་མི་སྣའི་ཆ་འཕྲིན་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས་གནད་སྨིན་རོགས་སྐྱོར་བྱེད་པ་སོགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།