ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་གཙོ་གནད་རྣམ་གྲངས་ཁྲི1.1གི་ལས་འགོ་བསྐྱར་འཛུགས་བྱེད་ཚད་བརྒྱ་ཆ་དགུ་བཅུ་ཙམ་ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས20ཉིན་གྱི་ཆུ་ཚོད24བར། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་སུ་གཏན་འཁེལ་ནད་དཔེ6013ཡོད་པ་དང་། དེའི་གྲས་སུ་ཚབས་ཆེའི་ནད་དཔེ1963ཡོད། རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ71740ཟིན་པ་དང་། ཤི་བའི་ནད་དཔེ3255ཟིན་པ། གཏན་འཁེལ་ནད་དཔེ81008ཟིན་པ། ད་ཆ་དོགས་ཡོད་ནད་དཔེ106ཟིན་གྱི་ཡོད། མིག་སྔར་རང་རྒྱལ་གྱི་ནང་སར་ཉིན་གསུམ་བསྟུད་མར་ས་ཆ་དེ་རང་གི་གཏན་འཁེལ་ནད་དཔེ་གསར་པ་ཐོན་མེད་པ་དང་། ཝུའུ་ཧན་དུ་ས་ཆ་དེ་རང་གི་གཏན་འཁེལ་ནད་དཔེ་གསར་པ་ཉིན་གསུམ་བསྟུད་མར་ཐོན་མེད་པ་དང་། ཧུའུ་པེ་ཞིང་ཆེན་དུ་ཝུའུ་ཧན་ཕུད་ཉིན་16རིང་བསྟུད་མར་ནད་དཔེ་ཐོན་མེད་པ། ཧུའུ་པེ་ཞིང་ཆེན་ཕུད་པའི་ཞིང་ཆེན་གཞན་དག་ལ་ཉིན་9བསྟུད་མར་ནད་དཔེ་ཐོན་མེད། ཟླ་3ཚེས་11ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ལ་མཆེད་ཚུལ་གྱི་ཁྱད་ཆོས་ཆེན་པོ་མངོན་པ་ནས་བཟུང་། རིམ་རྩིས་བྱས་ན། ཕྱི་ནས་འགོས་པའི་ནད་དཔེ་85ནས་ནད་དཔེ་269བར་འཕར་བ་དང་། འཕར་ཚད་216%ཟིན་གྱི་ཡོད། དུས་མཚུངས་ཀྱི་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་པའི་གཏན་འཁེལ་ནད་དཔེའི་འཕར་ཚད་98%ལས་མགྱོགས་པ་ཡོད།

ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རང་རྒྱལ་གྱི་མ་འཇོག་རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་མ་འཇོག་སིའི་སི་ཀྲང་ཨོའུ་ཧུང་གིས། མིག་སྔར་རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་འཛུགས་བྱེད་ཚད་རིམ་པས་འཕར་བཞིན་ཡོད། ཧུའུ་པེ་ཕུད། ཞིང་ཆེན་ཁག་གི་གཙོ་གནད་རྣམ་གྲངས་ཁྲི་1.1གི་བསྡོམས་རྩིས་ལས་མངོན་དོན། ཟླ་3ཚེས་20ཉིན་བར། རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་འཛུགས་བྱེད་ཚད་89.1%ཟིན་གྱི་ཡོད། ལས་རིགས་དབྱེ་ནས་བལྟས་ན། ལྕགས་ལམ་གྱི་རྣམ་གྲངས་གལ་ཆེན་སྤྱིར་ན་ལས་འགོ་བསྐྱར་འཛུགས་བྱས་ཟིན་པ་དང་། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་གྱི་རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་འཛུགས་བྱེད་ཚད་97%ཟིན་པ། གནམ་གྲུ་ཐང་གི་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱེད་ཚད་87%ཟིན་པ། ཆུ་བེད་ལས་གྲྭ་གལ་ཆེན་ལས་འགོ་བསྐྱར་འཛུགས་བྱེད་ཚད་86%ཟིན་པ། ནུས་རྒྱུའི་རྣམ་གྲངས་གལ་ཆེན་དང་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་རྣམ་གྲངས་གལ་ཆེན་སོགས་ཚང་མ་སྤྱིར་ན་ལས་འགོ་བསྐྱར་འཛུགས་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རྨང་གཞི་སིའི་སི་ཀྲང་གཞོན་པ་ཀྲེང་ཅན་གྱིས་ད་ལོའི་ལོ་འཁོར་མོའི་འགྲིམ་འགྲུལ་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཐུབ་པའི་ཡིད་ཆེས་ཡོད། མིག་སྔར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བཀོད་གཏོང་བྱས་པའི་འགྲིམ་འགྲུལ་གྱི་རྣམ་གྲངས་གལ་ཆེན་533དག་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་97.8%ཟིན་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།