རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ“རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་དོར་རྒྱུར”དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས20ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས33པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་མཐའ་གཅིག་ཏུ་དོར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། དྲིལ་བསྒྲགས་སློབ་གསོ་དང་། ཁྲིམས་བཞིན་རྡུང་རྡེག་གཏོང་རྒྱུ་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་ཀྱིས་རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་དོར་བའི་རང་འགུལ་བསམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། མི་ཚང་མར་འགན་འཁྲི་ཡོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གསར་གཏོད་བྱས་ཏེ། སྣོད་བཅུད་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རང་ངོས་ནས་འགོ་བརྩམས་ནས་རང་རྟོགས་ངང་རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་བྱེད་སྤྱོད་བཀག་འགོག་བྱེད་པ་དང་། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྡུད་ཀྱི་ལས་དོན་མང་ཙམ་བསྒྲུབས་ཏེ། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་དོར་ཆེད་དྲང་ནུས་གཅིག་སྡུད་བྱེད་དགོས་པ་དེ་རེད།

ཨུ་ཡོན་ཚོས་གྲོས་འགོ་བཏོན་དོན། རི་སྐྱེས་སྲོག་ཆགས་གང་བྱུང་དུ་ཟ་བའི་སྲོལ་ངན་དོར་བའི་རྩ་བ་ནི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་། གཞན་སྐུལ་གྱིས་བཀག་འགོག་བྱེད་པ་ནས་རང་འགུལ་ངང་བརྩི་སྲུང་ཞུ་བར་འགྱུར་བ་བྱེད་དགོས། ཚན་རྩལ་ཁྱབ་གདལ་དང་དྲིལ་བསྒྲགས་རྒྱ་ཁྱབ་ངང་གཏིང་ཟབ་སྤེལ་ནས། རི་སྐྱེས་སྲོག་ཆགས་ལ་གཅེས་སྐྱོང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་འོས་འགན་སློབ་གསོའི་སློབ་ཚན་ནང་བཅུག་སྟེ། རི་སྐྱེས་སྲོག་ཆགས་གང་བྱུང་དུ་མི་ཟ་བ་དེ་སྐྱོན་བྲལ་ཀྲུང་གོའི་བྱ་སྤྱོད་ནང་བཅུག་ཁར། ཤེས་དཔལ་སྐྱོན་བྲལ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་བཟའ་བཏུང་རིག་གནས་དང་འཚོ་བ་སྐྱེལ་སྟངས་ཆགས་པ་བྱེད་དགོས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྡེ་ཚན་དང་ས་ཁོངས་བརྒལ་བའི་ཁྲིམས་སྐྱོང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རི་སྐྱེས་སྲོག་ཆགས་རྔོན་པ་དང་། གསོ་སྤེལ། རིམས་ནད་བརྟག་དཔྱད། གཉེར་སྐྱོང་། བེད་སྤྱོད་སོགས་ཀྱི་འཁོར་སྦྲེལ་ཧྲིལ་པོའི་ལྟ་འདོམས་དང་། བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་ཐུབ་པ་བྱེད་དགོས་པ་དང་། རྒྱལ་ཡོངས་སུ་གཅིག་གྱུར་གྱི་སྤྱི་དམངས་ཀྱི་ཐེར་འདོན་གོང་ཞུའི་ལས་སྟེགས་བཙུགས་ཏེ། ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆད་གཅོད་ཚད་གཞི་མཐོ་རུ་གཏོང་དགོས་པ། དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་བྱུང་ཐོན་ཁུངས་བེད་སྤྱོད་དང་ཚེ་སྲོག་བདེ་ཐང་སྲུང་སྐྱོང་དང་དེ་བཞིན་སྣོད་བཅུད་དོ་སྙོམས་ཀྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ནས་ཕྱོགས་ཡོངས་ནས་ཟ་མི་ཆོག་པ་དང་། ལུགས་མཐུན་བེད་སྤྱོད། ཐོན་ལས་འཕེལ་རྒྱས་བཅས་ལ་རིགས་དབྱེ་མཛུབ་ཁྲིད་བྱས་ནས“རྒྱུག་པ་ལེབ་བརྡུངས”དང་རིམ་པ་བཞིན་གནོན་ཤུགས་སྤྲོད་མི་རུང་བ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།