ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རིམས་ནད་འགོག་སྡོམ་དང་ལས་ཞུགས་བརྟན་འཇགས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信截图_20200321121617.png

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། རིམས་ནད་འགོག་སྡོམ་དང་ལས་ཞུགས་བརྟན་འཇགས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ལས་ཞུགས་བྱ་བ་དེ་གཞི་རྩའི་དམངས་ཚིས་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་འཇགས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཐེབས་འོག ད་ལོའི་ལས་ཞུགས་བརྟན་འཇགས་ལས་འགན་ཧ་ཅང་ལྗིད་ཅིང་དཀའ་ཚེགས་ཆེ་བ་ཞིག་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ལས་ཞུགས་བརྟན་འཇགས་དེ་བརྟན་འཇགས་དྲུག་གི་བྱ་བའི་གོ་གནས་དང་པོར་བཞག་སྟེ་ཤུགས་ཚད་ཆེན་པོའི་སྒོ་ནས་ལས་ཞུགས་ཐོག་མར་དམ་འཛིན་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་དགོས། ཕྱོགས་སོ་སོའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ་ཁུར་བོ་ཇེ་ཡང་དང་ལས་གནས་བརྟན་འཇགས། ལས་ཞུགས་རྒྱ་བསྐྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས་ལ། ཚད་མཐོན་པོའི་སྒོ་ནས་ཁྲལ་འཕྲི་ཡོན་གཅོག་དང་དངུལ་རྩའི་རྒྱབ་སྐྱོར། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་འཇགས་སུ་གཏོང་བ་སོགས་ཀྱི་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་པ་དང་། ཧུར་ཐག་སྒོས་ཁེ་ལས་འབྲིང་ཆུང་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་དགོས་པར་མ་ཟད། ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་དངུལ་གཏོང་ལས་གཞི་གཙོ་བོ་མྱུར་དུ་ལས་འགོ་རྩོམ་དགོས་ལ། ཐབས་བརྒྱ་ཇུས་སྟོང་སྒོས་ཐོན་སྐྱེད་མྱུར་དུ་སླར་གསོ་བྱེད་པ་དང་ལས་ཞུགས་བརྟན་འཇགས་སུ་གཏོང་དགོས། མང་ཚོགས་གཙོ་བོའི་ལས་ཞུགས་བྱ་བ་གཙོར་བཟུང་སྟེ་དམ་འཛིན་བྱེད་པ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་ལ་ཤུགས་སྣོན་པ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་ལས་ཞུགས་བར་སྟོང་རྒྱ་བསྐྱེད་དགོས། ཞིང་བ་ཞོར་ལས་བའི་ལས་ཞུགས་གནད་སར་བཟུང་སྟེ་ཐོག་མར་དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་བྱ་བར་རྒྱབ་སྐྱོར་བྱེད་དགོས། ལས་རིགས་ལག་རྩལ་གསོ་སྦྱོང་ཤུགས་ཚད་ཇེ་ཆེར་བཏང་སྟེ་དཀའ་ཁག་ཆེ་བའི་ལས་ཞུགས་མི་སྣ་དང་རིམས་ནད་ཚབས་ཆེན་ས་ཁུལ་གྱི་ངལ་རྩོལ་པའི་ལས་ཞུགས་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་ནས། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་དགོས། སྲིད་བསྡུ་དབང་གཏོང་དང་དབང་གཏོང་དོ་དམ་ཟུང་འབྲེལ་བྱེད་པ་དང་། ཞབས་ཕྱི་ལེགས་སྒྱུར་བཅོས་སྒྱུར་གཏིང་ཟབ་སྤེལ་ཞིང་། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤུགས་ཆེན་པོས་མཉམ་འབྲེལ་དྲ་རྒྱ་དང་སྟེགས་བུའི་དཔལ་འབྱོར་སོགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། ཞུགས་ལས་སྐྲུན་དང་སྟབས་བསྟུན་ལས་ཞུགས་ལ་གོ་སྐབས་གང་མང་འདོན་སྤྲོད་བྱེད་པ་དང་ཧུར་ཐག་སྒོས་ལོ་ཧྲིལ་བོའི་ལས་ཞུགས་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།