ཀྲུང་གོ་བོད་ཀྱི་དྲ་བ།

དམངས་འཚོའི་ཚོང་ཟོག་རིགས་ཀྱི་ཁེ་ལས་ཐོན་སྐྱེད་སླར་གསོ་བྱེད་ཚད་སྤྱིར་ན70%ཡན་ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས18ཉིན། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས“རིན་གོང་འགན་ལེན་དང་། སྤུས་ཚད་འགན་ལེན། མཁོ་སྤྲོད་འགན་ལེན”བཅས་ཀྱི“འགན་ལེན་གསུམ”གྱི་བྱ་སྤྱོད་ཀྱི་བརྙན་ལམ་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད། ཟླ་1ཚེས་29ཉིན“འགན་ལེན་གསུམ”གྱི་བྱ་སྤྱོད་སྤེལ་ཚུན། རྒྱལ་ཡོངས་སུ་ཁེ་ལས་15000ལྷག་ཙམ་དང་ཚོང་ཁང་ཁྲི་30ལྷག་ཙམ་གྱིས་དེར་ཧུར་ཐག་ཞུགས་པའི་ནང་དྲ་ཕྱིའི་ཁེ་ལས་དང་དྲ་ཐོག་གི་ལས་སྟེགས་ཚུད་ཅིང་། དེ་དག་ཐོན་སྐྱེད་ལས་སྣོན་དང་། ཟོག་འགྲེམས་སྐྱེལ་འདྲེན། ཚོང་ར་དང་སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཞབས་ཞུ། མྱུར་སྐྱེལ་མངགས་སྐྱེལ་སོགས་ལས་རིགས་མང་པོ་དང་འབྲེལ་བ་ཡོད་པ་དང་། ཐོན་རྫས་ནང་བཟའ་བཅའ་སོགས་འཚོ་བའི་དགོས་ངེས་མཁོ་ཆས་དང་ཁ་རས་སོགས་འགོག་སྲུང་སྤྱོད་ཆས། དེ་བཞིན་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་གཞན་དག་བཅས་ཚུད་ཡོད།

ཟླ་3པའི་ཟླ་སྟོད་བར“འགན་ལེན་གསུམ”གྱི་བྱ་སྤྱོད་ནང་ཞུགས་མཁན་དམངས་འཚོའི་ཚོང་ཟོག་རིགས་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ཐོན་སྐྱེད་སླར་གསོ་བྱེད་ཚད་སྤྱིར་ན་70%ཡན་ཟིན་ཏེ། ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་། ཁྲོམ་རའི་རིན་གོང་བརྟན་སྲུང་། འཛད་སྤྱོད་པའི་བདེ་འཇགས་སྲུང་སྐྱོང་། ལས་གནས་བརྟན་པོ་དང་ལས་ཞུགས་ལ་སྐུལ་གཏོང་བཅས་ལ་ནུས་པ་བཟང་པོ་ཐོན་ཡོད། ལྷག་པར་དུ་སྒོ་རྩིས་ཚོང་ཁང་རྒྱུན་གཏན་ལྟར་སྒོ་ཕྱེ་ནས་ཚོང་གཉེར་བྱས་པས། བཟའ་བཅའ་སོགས་འཚོ་བའི་རྒྱུན་མཁོའི་དངོས་རྫས་མཁོ་སྤྲོད་བརྟན་པོ་བྱུང་བ་མ་ཟད། རིན་གོང་ལུགས་མཐུན་དང་སྤུས་ཚད་བདེ་འཇགས་བྱུང་སྟེ། སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།