ཧུའུ་པེའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལས་འགོ་བསྐྱར་འཛུགས་བྱེད་ཚད50%ཙམ་ཟིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ཚེས18ཉིན་འཚོགས་པའི་ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཧུའུ་པེས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་སྔོན་འགྲོའི་འོག་ཧེ་བག་ཅན་གྱི་ཐབས་ཇུས་སྤྱད་དེ་ཁུལ་དབྱེ་རིམ་དབྱེ་དང་། རིགས་དབྱེ་དུས་དབྱེ། ཆ་རྐྱེན་ལྡན་པའི་ས་ཁུལ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བཅས་བྱས་ནས་ཁེ་ལས་ལ་བབ་བསྟུན་གྱི་དོ་དམ་བྱས་ཡོད། མིག་སྔར་ཧུའུ་པེར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་7600ལྷག་ཙམ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ནས་ལས་འགོ་བསྐྱར་འཛུགས་ཐུབ་ཚད་49.3%ཟིན་ཡོད།

ཧུའུ་པེ་ཞིང་ཆེན་གྱིས་ཁེ་ལས་དག་རིགས་བཞིར་དབྱེ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་སྟེ། རིགས་དང་པོའི་ནང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེར་མཁོ་དང་། སྤྱི་པའི་བྱ་གཞག་འཁོར་རྒྱུག་གི་ཉེར་མཁོ། མང་ཚོགས་ཀྱི་འཚོ་བའི་ཉེར་མཁོ། ཞིང་ལས་ཐོན་སྐྱེད་ཀྱི་ཉེར་མཁོ་བཅས་འགན་ལེན་བྱེད་པ་མ་ཟད། ད་དུང་རྒྱལ་ཇུས་དམངས་འཚོའི“མཚམས་འཇོག་བྱེད་མི་རུང་བའི”ཁེ་ལས་གཙོ་བོ་བཅས་ཚུད་ཡོད། རིགས་གཉིས་པའི་ནང་དུ་གཙོ་བོ་དངུལ་རྩའི་འགན་བཅོལ་དང་། གྲུ་ཁ། ཟོག་འདྲེན་ས་ཚུགས། གཙོ་གནད་ཐོན་ལས་འཁོར་སྦྲེལ་གྱི་ལེ་ལག་ཚང་བའི་ཁེ་ལས་བཅས་དང་། དེ་བཞིན་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ལས་གྲྭ་གལ་ཆེན་དང་གཙོ་གནད་རྣམ་གྲངས་སྐྲུན་འགན་འཁུར་བའི་ཁེ་ལས་ཚུད་ཡོད། རིགས་གསུམ་པའི་ནང་དུ་མི་སྤྱོད་དང་ཐོན་ལས་འཁོར་སྦྲེལ་ཆ་ཚང་བའི་རང་ས་གཙོ་བོར་བྱེད་པའི་བཟོ་ལས་དང་ཞིང་ལས་ཐོན་ལས་ཅན་གྱི་ཁེ་ལས་དང་། ཁང་ཕྱིའི་ལས་ཀ་གཙོ་བོར་བྱེད་པའི་འཛུགས་སྐྲུན་ལས་རིགས་ཀྱི་ཁེ་ལས། བཅའ་ཁྲིམས་ཀྱི་རྩིས་གཉེར་དང་མཉེན་ཆས་ཀྱི་ཆ་འཕྲིན་ཞབས་ཞུ་སོགས་ཀྱི་འབྲེལ་ཡོད་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཚུད་ཡོད། རིཌ་བཞི་པའི་ནང་དུ་གཙོ་བོ་ཚོང་གཉེར་བྱ་ཡུལ་གྱི་མི་སྣ་འདུ་འཛོམས་བྱེད་མང་བ་དང་འདུ་གནས་བལྟོས་བཅས་ཀྱི་བཀག་སྡོམ་ཡིན་པའི་གཤམ་གསལ་གྱི་ཁྲོམ་རའི་བྱེད་པོ་ཚུད་པ་དེའི་ནང་གློག་བརྙན་ཁང་དང་། དཔེ་ཁང་། ཁང་སྡོད་བཟའ་བཏུང་སོགས་ཚུད་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཝུའུ་ཧན་གྲོང་ཁྱེར་གྱི་རིགས་དང་པོའི་ཁེ་ལས་མུ་མཐུད་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཆོག་པ་དང་། ཁེ་ལས་གཞན་དག་ཟླ་3ཚེས་20ཉིན་གྱི་ཆུ་ཚོད་24གོང་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཆོག་གི་མེད། ཉེན་ཁ་འབྲིང་ཙམ་ཡོད་པའི་ས་ཁུལ་དུ་རིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཁེ་ལས་མུ་མཐུད་ཐོན་སྐྱེད་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཆོག་གི་ཡོད། ཉེན་ཁ་ཅུང་ཆུང་བའི་ས་ཁུལ་དུ་རིགས་བཞིའི་ཁེ་ལས་ཀྱིས་མུ་མཐུད་ཐོན་སྐྱེད་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཆོག་གི་ཡོད། ཉེན་ཁ་འབྲིང་ཆུང་ས་ཁུལ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་དུས་མཚམས་དབྱེ་སྟེ་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་དགོས་ཀྱི་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།