ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ཟློག་བྱ་བའི་མགོ་ཁྲིད་ཚུན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ཟློག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ཟློག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་དབྱང་རིམས་ཟློག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། དུས་བབ་དང་བསྟུན་ནས་བྱ་བའི་ཤུགས་འདོན་ས་དང་ཁ་གཏད་འཇལ་ཐབས་ལེགས་སྒྱུར་བྱེད་པ་དང་། ཧུའུ་པེ་དང་ཝུའུ་ཧན་གྱི་སྨན་བཅོས་སྐྱོབ་བཅོས་དང་སྡོད་ཁུལ་འགོག་སྡོམ། རྗེས་མཐུད་བྱ་བ་བཅས་མུ་མཐུད་དུ་བཟང་བོར་སྒྲུབ་པ། ས་ཁུལ་གཞན་དག་ཏུ་རིམས་ནད་ཡང་བསྐྱར་འཕར་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་པ། རིམས་ནད་རྒྱལ་ཁོངས་བརྒལ་ནས་ཕྱི་ནང་དུ་མཆེད་པར་དོགས་ཟོན་བྱེད་པའི་བྱ་བ་གཙོ་བོ་གནད་ཕིགས་ཀྱིས་བཟང་བོར་སྒྲུབ་པ། ལས་ཐོན་བསྐྱར་ཚུགས་ལ་ཧུར་ཐག་དང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། དེང་སྐབས་ཕྱི་རྒྱལ་དུ་རིམས་ནད་མགྱོགས་མྱུར་ངང་མཆེད་བཞིན་ཡོད་པ་དང་། རང་རྒྱལ་དུ་ཕྱི་ནས་ཡོང་བའི་ནད་པ་རིམས་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འགོག་སྡོམ་གྱི་གནོན་ཤུགས་བསྟུད་མར་ཇེ་ཆེར་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་གནམ་གྲུའི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས། ཕྱི་རྒྱལ་གྱི་རིམས་ནད་ཚབས་ཆེ་བའི་ས་ཁུལ་ནས་ཡོང་བའི་གནམ་གྲུ་ཡོད་ཚད་རྒྱལ་ནང་དུ་འབབ་སྐབས་ཆེད་སྤྱོད་འབབ་གནས་དང་སྦྲེལ་ཟམ། བགྲོད་ལམ་བཅས་བཀོད་སྒྲིག་བྱེད་དགོས་པ་དང་། བདེ་འཇགས་ས་ཁོངས་གཏན་ཁེལ་བྱས་ཏེ་འགག་སྒོའི་འཕྲོད་བསྟེན་རིམས་བཤེར་སྤེལ་ནས། རིམས་ནད་བསྣོལ་འགོས་ཀྱི་ཉེན་ཁ་ཚད་ཆེས་མཐོན་པོས་ཇེ་དམའ་རུ་གཏོང་དགོས། རིམས་བཤེར་བྱས་ཏེ་ཐག་བཅད་པའི་ནད་ངོས་བཟུང་བའི་ནད་པ་དང་དོགས་ཡོད་ནད་པ། ཉེ་བཅར་མཁན་སོགས་ལ་མྱུར་དུ་གཏན་ཁེལ་ལྟར་བརྒྱུད་སྐྱེལ་དང་སྨན་བཅོས། ལོགས་འགར་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྲུབས་མེད་སྦྲེལ་མཐུད་དང་བཀག་སྡོམ་དོན་སྒྲུབ་ལ་ཁག་ཐེག་བྱེད་དགོས། གནས་ཚུལ་རྫུན་མ་བཤད་མཁན་དང་ནད་ཀྱི་གནས་ཚུལ་གསང་མཁན་ལ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱེད་དགོས། གནས་སྐབས་སུ་རྒྱལ་ཁོངས་བརྒལ་བའི་རྒྱལ་སྤྱིའི་བགྲོད་ལམ་སྟེང་འགྲུལ་བ་སྐྱེལ་འདྲེན་བྱེད་མཚམས་འཇོག་དགོས། རྒྱལ་སྤྱིའི་མཁའ་ལམ་དང་ཆུ་ལམ་གྱི་འགྲུལ་སྐྱེལ་དོ་དམ་ལ་ཤུགས་སྣོན་དགོས། ས་ཁུལ་སོ་སོ་དང་ལྷག་པར་དུ་ཕྱི་རྒྱལ་གྱི་རིམས་ནད་ཚབས་ཆེ་བའི་ས་ཁུལ་ལ་སྨན་རྫས་དང་འགོག་སྲུང་དངོས་ཟོག མྱུར་སྐྱོབ་སྒྲིག་ཆས་བཅས་ཐད་ནས་འགན་སྲུང་བྱེད་པར་ཤུགས་སྣོན་དགོས་པ་དང་། གཏན་ཁེལ་སྨན་ཁང་དང་ལོགས་བཀར་ནད་ཁང་སོགས་ཀྱི་སྐྱོབ་བཅོས་ནས་སྔོན་ནས་གྲ་སྒྲིག་ལེགས་པོ་བྱེད་དགོས། དེ་དང་མཉམ་དུ་མི་སྣ་རྒྱལ་ཁོངས་བརྒལ་ནས་འཁོར་རྒྱུག་བྱེད་པའི་བདེ་འཇགས་ཉེན་ཁའི་ཐད་ནས་གསལ་འདེབས་བཟང་བོ་བྱེད་པ་དང་། དགོས་མཁོ་མེད་པའི་ཕྱི་རྒྱལ་དུ་སྐྱོད་པའི་བྱ་འགུལ་ཇེ་ཉུང་དུ་གཏོང་བ། གནས་སྐབས་སུ་རྒྱལ་ཁབ་ཕྱི་ནང་དུ་གནས་སྐོར་ལས་སྒོ་སྤེལ་མཚམས་འཇོགས་པ་བཅས་བྱེད་དགོས། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་རིམས་ནད་འགོག་སྡོམ་གྱི་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁོ་ཚོའི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། འབྲེལ་ཡོད་རྒྱལ་ཁབ་ཀྱི་རིམས་ནད་འགོག་སྡོམ་ཐད་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་པ་དང་། རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། ཁོ་ཚོས་རང་རྒྱལ་ནས་སྨན་བཅོས་དངོས་ཟོག་ཉོ་བར་སྟབས་བདེ་བསྐྲུན་དགོས།

གྲོས་ཚོགས་སྟེང་བསྟན་དོན། མིག་སྔར་རང་རྒྱལ་གྱི་ཞིང་ཆེན་མང་བོས་རིམས་ནད་ཟློག་རིམ་ཇེ་དམའ་རུ་བཏང་ཡོད་པ་དང་། ས་ཁུལ་མང་ཆེ་ཤོས་ནི་ཉེན་ཁ་ཆུང་བའི་ས་ཁུལ་ཡིན་ལ། ཞིང་ཆེན་རེ་རེས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་དགོས། དུས་རིམ་སྔོན་མའི་རིམས་ནད་སྔོན་འགོག་བྱས་པར་མ་ཟད་ལས་ཐོན་སླར་གསོ་བྱས་པའི་ཉམས་མྱོང་སྤྱི་སྡོམ་ནན་མོ་བྱས་ཏེ། གནད་ཕིགས་ཀྱི་འགོག་སྡོམ་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་པ་དང་། ལས་ཀ་མྱུར་དུ་སླར་གསོ་བྱེད་ཚད་ཇེ་མཐོར་གཏོང་དགོས། ནུས་ལྡན་གྱིས་རིམས་འགོག་བྱེད་པ་དང་མཉམ་དུ་ཕྱོགས་ཡོངས་ནས་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར་མྱུར་དུ་བཏོན་ནས། རིམས་ནད་ཀྱི་འགྱུར་ལྡོག་གཞིར་བཟུང་སྟེ། ཁེ་ལས་ལས་དོན་ལས་ཁུངས་ཀྱིས་ལས་ཐོན་སླར་གསོ་བྱེད་པའི་རིམས་ནད་འགོག་སྡོམ་བྱེད་ཐབས་ཀྱི་ཕྱོགས་སྟོན་ལ་དུས་བསྟུན་འགུལ་རྣམ་ཅན་གྱི་ལེགས་སྒྲིག་བྱེད་དགོས། ཉེན་ཁ་ཆུང་བའི་ས་ཁུལ་བར་གྱི་མི་སྣ་དང་དངོས་ཟོག་འཁོར་རྒྱུག་བྱེད་པར་དགོས་ངེས་ཀྱི་བདེ་ཐང་དཔང་ཡིག་ཡོད་ན་རྒྱལ་ཡོངས་ནས་ཁས་ལེན་དགོས་པ་ལས། བཀག་སྡོམ་བྱས་མི་ཆོག་ལ། མི་སྣར་ལོགས་འགར་གྱི་བྱེད་ཐབས་སྤྱོད་མི་རུང་། ལས་ཁུངས་སོ་སོས་རིམས་འགོག་བྱེད་ཐབས་དོན་འཁྱོལ་བྱེད་པའི་གནས་ཚུལ་འོག ཉེན་ཁ་ཆུང་བའི་ས་ཁུལ་ནས་ཡོང་བའི་མི་སྣ་ལས་ཞུགས་སྔོན་གྱི་ལོགས་འགར་བྱེད་མི་ཆོག དེ་དང་མཉམ་དུ་འཕྲལ་བསྟུན་ཐག་གཅོད་ནུས་པར་འགན་སྲུང་བྱས་ཏེ། ནད་པ་བྱུང་ཚེ་མྱུར་དུ་འོས་འཚམ་གྱིས་ཐག་གཅོད་པ་དང་། སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ལོགས་སུ་འགར་བ། སྔ་མོ་ནས་སྨན་བཅོས་བྱེད་པ་བཅས་བྱེད་དགོས་ལ། འདུ་འཛོམས་རང་བཞིན་གྱི་རིམས་ནད་ལ་དོགས་ཟོན་བྱེད་དགོས།

འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞུའེ་ཞང་དང་ཧོང་ཁུན་མེན། ཚའེ་ཆི། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།