ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125738156_15846357057551n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས19ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་ཆད་ལྟར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་གཏུམ་དྲག་ཆེ་བས་ཀྲུང་གོས་ངེས་པར་དུ་དཀའ་ངལ་ལ་མི་འཛེམ་པར་ཁ་གཏད་གཅོག་དགོས། དེ་ཅིའི་ཕྱིར་ཞེ་ན་དེ་ནི་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་ཡང་འབྲེལ་བ་ཡོད་པས་རེད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་ཀྲུང་གོའི་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཇེ་ལེགས་སུ་ཕྱིན་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱུང་ཡོད། ང་ཚོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་དམག་འཐབ་ཀྱི་མཐའ་མའི་རྒྱལ་ཁ་ཐོབ་རྒྱུའི་ཡིད་ཆེས་དང་། ནུས་པ། གདེང་ཚོད་བཅས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། མཉམ་འབྲེལ་ཚན་ཞིབ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་ཐུན་མོང་གི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན།

 ཞི་ཅིན་ཕིང་གིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམིགས་བསལ་ཀྱི་དུས་སྐབས་སུ་ཀྲུང་གོ་དང་ཨུ་རུ་སུ་ཕན་ཚུན་བར་རྒྱབ་སྐྱོར་དང་རོགས་རེས་བྱས་པ་ལས་མཉམ་ལས་དམ་ཟབ་དང་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བ་དེ་མཚོན་ཡོད། ཀྲུང་ཨུའི་མཉམ་ལས་ཀྱི་རྨང་གཞི་བརྟན་པ་དང་ནང་སྐྱེས་ཀྱི་སྒུལ་ཤུགས་ཆེན་པོ་ལྡན་པ་རེད། ཕྱོགས་གཉིས་པོས་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ཀྱི་ལོ་གོ་སྐབས་སུ་བྱས་ཏེ་སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་ཆེད་སྤྱད་པའི་བྱེད་ཐབས་གལ་ཆེན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཙུང་ཐུང་ཕུའུ་ཅིང་གི་འགོ་ཁྲིད་འོག་ཨུ་རུ་སུའི་མི་དམངས་ཀྱིས་མུ་མཐུད་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་སྟེང་བསྐྱོེད་པར་བརྒྱུད་མཐུན་སྒྲིལ་འབད་འཐབ་བྱས་ཏེ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཕུའུ་ཅིང་གིས་ཀྲུང་གོ་སྲིད་གཞུང་གིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱེད་ཐབས་སྤྱད་པ་དེས་རྒྱལ་ནང་གི་རིམས་ནད་ལ་ཚོད་འཛིན་བྱེད་ཐུབ་པ་བྱུང་བ་མ་ཟད། འཛམ་གླིང་མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོས་འབད་བརྩོན་བྱས་པར་ཚད་མཐོའི་བསྔགས་བརྗོད་དང་དགའ་སྤྲོ་ཆེན་པོ་སྐྱེད་པ་རེད། ཀྲུང་གོས་རིམས་ནད་ཕོག་པའི་རྒྱལ་ཁབ་ལ་དུས་ཐོག་ཏུ་རོགས་སྐྱོར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མིག་དཔེ་བཟང་པོ་ཞིག་བཏོད་ཡོད། ཀྲུང་གོའི་བྱ་སྤྱོད་ནི་རྒྱལ་ཁབ་ཁ་ཤས་ཀྱིས་འཁྲུག་རྐྱེན་སློང་བ་དང་ཀྲུང་གོའི་མཚན་སྙན་མེད་བརླག་ཏུ་གཏོང་བར་འགག་ལན་བཏང་བ་རེད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་རིམས་ནད་འགོག་བཅོས་ཐད་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་དམ་ཟབ་བྱས་ཏེ་ཨུ་རུ་སུ་དང་ཀྲུང་གོ་གཉིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།