ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་ཕྱི་ནང་གི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་གལ་ཆེན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བཤད་རྒྱུར། རྒྱལ་ཡོངས་ཀྱི་གོང་འོག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་འབད་བརྩོན་འོག  རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་གྱིས་སླར་གསོ་བྱུང་བའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། དུས་མཚུངས་སུ། ང་ཚོའི་མདུན་དུ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མི་ཉུང་བ་ཞིག་འཕྲད་ཡོད་པ་དང་། ལྷག་པར་དུ་ཕྱི་རྒྱལ་གྱི་རིམས་ནད་གང་སར་མཆེད་པ་དང་དེས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་ལ། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལའང་འགྲན་སློང་གསར་པ་བྱུང་ཡོད། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་གནས་བབ་ཀྱི་དུས་མཚམས་རང་བཞིན་གྱི་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པ་བྱས་ནས་གནས་བབ་དང་བསྟུན་ནས་ལས་ཀའི་ཤུགས་རྒྱག་ས་དང་ཁ་གཏད་གཅོག་ཐབས་ལེགས་སྒྲིག་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཀྱི་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་བྱེད་དགོས་ཞེས་གསུང་།

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་གནས་ཚུལ་གྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་གསལ་པོར་ཤེས་དགོས། ཧུའུ་པེ་དང་ཝུའུ་ཧན་གྱི་སྨན་བཅོས་སྲོག་སྐྱོབ་དང་། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན། རྗེས་མཐུད་ལས་དོན་བཅས་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་དང་། ས་ཁུལ་གཞན་དག་གི་མི་སྣ་འགྲོ་འོང་དང་འདུ་འཛོམས་མང་དུ་ཕྱིན་པ་ལས་རིམས་ནད་བསྐྱར་ལོག་གི་ཉེན་ཁ་སྔར་བཞིན་ཡོད་པ། ལྷག་པར་དུ་རྒྱལ་སྤྱིའི་རིམས་ནད་མགྱོགས་མྱུར་མཆེད་ནས་ནང་འདྲེན་རང་བཞིན་གྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་དང་ནན་མོ་བྱས་ཏེ། ཐོབ་པར་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་དམ་ཟབ་བྱེད་པ། གོ་ལ་ཧྲིལ་པོའི་རིམས་ནད་འགྱུར་ལྡོག་ལ་དབྱེ་ཞིབ་དང་སྔོན་དཔག་བྱེད་རྒྱུར་ཤུགས་སྣོན་པ། ནང་འདྲེན་རང་བཞིན་གྱི་ཉེན་ཁར་ཁ་གཏད་གཅོག་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། འབྲེལ་ཡོད་རྒྱལ་ཁབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མུ་མཐུད་དུ་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད། 

 ཚོགས་འདུའི་ཐོག་བསྟན་དོན། ས་ཁུལ་གཙོ་གནད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཚན་རིག་དང་མཐུན་ལ་གནད་འཕིགས་ངང་ཡག་པོ་སྒྲུབ་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་གཟབ་ནན་དང་ངར་ཤུགས་གཅིག་སྒྲིམ་གྱིས་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། མུ་མཐུད་དུ་སྐྱོབ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ནད་གཞི་ལྕི་མོ་ཕོག་པའི་ནད་པ་ཆུ་ཚད་མཐོ་བའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་གཅིག་སྡུད་བྱས་ཏེ་དྲག་སྐྱེད་བྱུང་ཚད་དང་ཤི་ཚད་དམའ་རུ་གཏོང་དགོས། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་བཏང་ནས་ནད་ཡམས་མེད་པའི་སྡེ་ཁུལ་གྱི་གྲོང་མིའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་རྒྱ་ཆེར་གཏོང་དགོས། ཝུའུ་ཧན་གྲོང་ཁྱེར་གྱིས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་རིམ་བཞིན་སྐུལ་འདེད་གཏོང་བ་དང་། ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་གཞན་དག་ལ་གོ་རིམ་ལྡན་པའི་སྒོ་ནས་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་སྒྲོལ་བ། ཧུའུ་པེ་ཞིང་ཆེན་གྱིས་འབྲེལ་ཡོད་ཞིང་ཆེན་དང་རང་འགུལ་ངང་འབྲེལ་བ་བྱས་ཏེ“ གནས་ནས་གནས་དང་། ས་གནས་གཅིག་གི་རྣམ་པའི”སྐྱེལ་འདྲེན་ལས་གནས་སུ་ཕྱིར་ལོག་པ། ཡུལ་གཞན་དུ་སྡོད་པའི་ཧུའུ་པེའི་མི་སྣ་ཕ་ཡུལ་དུ་ལོག་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་སྣ་འབྱོར་ཡུལ་དུ་ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། སྤྱི་ཚོགས་ཀྱི་མི་ཆོས་སྣང་ཚུལ་ལ་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སེམས་ཁམས་གསོ་བཅོས་སྒྲིག་འཛུགས་བྱས་ནས་རིམས་ནད་ཀྱི་རྗེས་འཇུག་ལས་དོན་བརྟན་པོའི་ངང་ལེགས་པར་བསྒྲུབས་ཏེ་སྤྱི་ཚོགས་ཀྱི་འགལ་བ་སྔོན་འགོག་དང་སེལ་ཐབས་བྱེད་དགོས། པེ་ཅིན་སོགས་ས་ཁུལ་གཞན་དག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ལེགས་སུ་གཏོང་བ་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ནས་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས།

 ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཕྱི་འགོག་ནང་འདྲེན་གྱི་ལས་འགན་གཙོ་གནད་དོན་འཁྱོལ་བྱེད་པ་དང་། གྲངས་གཞི་མཉམ་སྤྱོད་དང་། ཆ་འཕྲིན་བརྡ་ཁྱབ།  རྒྱལ་ཁོངས་སུ་ཡོང་བའི་མི་སྣར་ཞིབ་བཤེར་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མཁའ་ཐོག་སྐྱེལ་འདྲེན་དང་། འགག་སྒོའི་ནད་ཡམས་ཞིབ་བཤེར། དམིགས་ཡུལ་སྐྱེལ་སྤྲོད། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བཅས་ཀྱི་ལྷུ་ཚིགས་ཆགས་པ་བྱེད་དགོས། འབྲེལ་ཡོད་རྒྱལ་ཁབ་དང་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་ཚན་ཞིབ་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པར་ཤུགས་བསྣན་ཏེ། དུས་ཐོག་ཏུ་དམིགས་ཡུལ་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལྟ་རྟོག་བྱས་ཏེ། རིམས་ནད་འགོག་བཅོས་བྱེད་ཐབས་དངོས་འབེབས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཚོང་དོན་མི་སྣའི་འགྲོ་འོང་ལ་སྟབས་བདེ་འདོན་སྤྲོད་བྱེད་པ་དང་། རྒྱལ་སྤྱིའི་མཁོ་འདོན་ཕྲེང་འབྲེལ་ཤར་སྐྱོད་བྱེད་རྒྱུ་སྲུང་འཛིན་བྱེད་དགོས་ལ། ཚོང་འགུག་དངུལ་འདྲེན་དང་འགྲེམ་སྟོན་ཚོགས་འདུའི་ཞབས་ཕྱིའི་རྣམ་པ་གསར་སྐྲུན་བྱས་ནས། རིགས་སོ་སོའི་དཔལ་འབྱོར་ཉོ་ཚོང་བྱ་འགུལ་རྒྱུན་ལྡན་སྒོས་སྤེལ་བར་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།