ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས18ཉིན་གྱི་དགོང་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལེ་ཨིན་ལ་ཁ་པར་བཏང་།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་དུས་འགོར་ཡོ་རོབ་མནའ་འབྲེལ་ལས་ཁུངས་ཀྱིས་འཚམས་འདྲི་གནང་བ་མ་ཟད་དངོས་ཟོག་མང་པོ་འདོན་སྤྲོད་བྱེད་པར་མཐུན་རྐྱེན་བསྐྲུན་པ་རེད། མིག་སྔར་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཏུ་རིམས་ནད་གང་སར་མཆེད་པའི་རྣམ་པ་བྱུང་བས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་ཀྱི་གནས་བབ་དང་དཀའ་ངལ་ལ་གཞན་སྡུག་རང་མྱོང་བྱེད་ཀྱིན་ཡོད། མིག་སྔའི་དུས་བབ་འོག་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་རིམས་ནད་འགོག་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་མ་ཟད། ཡོ་རོབ་ཕྱོགས་ཀྱིས་ཚོང་ལས་ཐབས་ལམ་བརྒྱུད་ནས་ནད་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་བྱེད་པར་སྟབས་བདེ་བསྐྲུན་ཡོད་ལ། ཧུར་ཐག་སྒོས་རྒྱལ་སྤྱིའི་མཉམ་ལས་ལ་འབད་པ་བྱས་ནས་མིའི་རིགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཕྱི་འགྲིམ་སློབ་མའི་བདེ་འཇགས་དང་འཚོ་བའི་ཐད་སྟབས་བདེ་བསྐྲུན་པར་ཁག་ཐེག་བྱེད་རོགས་ཞེས་གསུངས་པ་རེད།
ལིས་ཁེི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བར་མཐོང་ཆེན་བྱས་ནས་ཡོ་རོབ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་གྲོས་མོལ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་རྒྱུན་འཁྱོངས་བྱེད་འདོད་ཡོད། མ་འོངས་པར་རིམས་ནད་ལས་རྣམ་པར་རྒྱལ་རྗེས་ཀྲུང་གོ་དང་ཡོ་རོབ་དབར་གྱི་མཛའ་བཤེས་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་འགྲོ་རྒྱུ་དང་ཕྱོགས་གཉིས་པོའི་མཉམ་ལས་སྔར་ལས་རྒྱ་ཆེར་གཏོང་བར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཧྥུན་ཏི་ལེ་ཨིན་གྱིས་བསྟན་དོན། མིག་སྔར་ཡོ་རོབ་རྒྱལ་ཁབ་དུ་རིམས་ནད་མཆེད་བཞིན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་ཕྱོགས་ལ་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མིག་སྔར་ཡོ་རོབ་ཕྱོགས་ཀྱིས་སྔར་བཞིན་རིམས་འགོག་དངོས་རྫས་ཉོ་སྒྲུབ་བྱེད་དགོས་པས་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མཐུན་སྦྱོར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད། ཡོ་རོབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལག་གདང་གཅིག་ཏུ་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་དང་དཀའ་ངལ་ཁྱད་བསད་བྱས་པ་དེ་ཕྱོགས་གཉིས་པོའི་མཛའ་བཤེས་དང་མཉམ་ལས་བཟང་པོ་མངོན་པ་རེད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཡོ་རོབ་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་དང་། ཡོ་རོབ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཕྱི་འགྲིམ་སློབ་མར་དགོས་ངེས་ཀྱི་འགན་སྲུང་དང་སྟབས་བདེ་བསྐྲུན་འདོད་ཡོད་ཅེས་གསུངས།
ཝང་དབྱི་དང་ཧོ་ལི་ཧྥུང་གཉིས་གོང་གི་བྱ་འགུལ་ནང་ཞུགས་པ་རེད། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ལིས་ཁི་ཆང་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལེ་ཨིན་ལ་ཁ་པར་བཏང་བ།