ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝེ་དང་གྲོས་མོལ་མཛད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝེ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཐའ་མའི་རྒྱལ་ཁ་ལེན་ཆེད་ཧུར་ཐག་འབད་འཐབ་བྱེད་བཞིན་ཡོད། རིམས་ནད་ཐོག་མར་བྱུང་སྐབས་ཙུང་ཐུང་ལགས་ཀྱིས་འཕྲལ་མར་ང་ལ་འཕྲིན་ཡིག་སྤྲིངས་ནས་འཚམས་འདྲི་གནང་བ་དང་། ད་ཐེངས་ཀྱང་ཆེད་དུ་ཀྲུང་གོར་འཚམས་འདྲི་ཕེབས་པ་ནི་ཀྲུང་གོ་ཕྱོགས་ལ་ཐོག་མཐར་བར་གསུམ་དུ་རྒྱབ་སྐྱོར་ཆེན་པོ་གནང་ལུགས་མཚོན་པ་རེད། ཕ་ཁི་སི་ཐན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོས་ཀྲུང་གོ་ཕྱོགས་ལ་རིམས་འགོག་དངོས་རྫས་ཞལ་འདེབས་ཕུལ་བར་ཀྲུང་གོ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དེ་ལས་སླར་ཡང་ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ནི་སྐྱིད་སྡུག་མཉམ་རོལ་གྱི་སྤུན་ཟླ་བཟང་པོ་ཡིན་པ་ར་སྤྲོད་བྱས་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་དམིགས་བསལ་མཛའ་བཤེས་ནི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་སུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད།

 ཞི་ཅིན་ཕིང་གིས་མིག་སྔར་རིམས་ནད་འདི་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པ་རེད། རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་ལག་གདང་མཉམ་སྦྲེལ་གྱིས་རིམས་ནད་ལ་འགོག་བཅོས་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ། སྔོན་འགོག་ཚོད་འཛིན་དང་ནད་བརྟག་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འདི་འཛམ་གླིང་ཡོངས་སུ་མཆེད་པར་སྔོན་འགོག་བྱ་ཆེད་བྱས་རྗེས་བླ་ེམེད་བཞག་ཡོད་ལ། ད་དུང་མུ་མཐུད་དུ་ཕ་ཁི་སི་ཐན་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

 ཨར་ཝེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོས་རིམས་ནད་འགོག་རྒོལ་ཐད་དགེ་མཚན་ལྡན་པའི་ཕན་འབྲས་བཟང་བོ་བླངས་ཡོད་པ་རེད། ངས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་སེམས་གཏིང་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། གནོད་འཚེའི་མདུན་དུ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་འགོ་ཁྲིད་ཀྱི་ཁྱད་འཕགས་ནུས་པ་དང་སྐུལ་སློང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཀྲུང་གོ་མི་དམངས་ཀྱི་ཕྱར་བ་གྲུ་འདེགས་དང་རང་སྲོག་བློས་གཏོང་གི་སྙིང་སྟོབས་དེ་མངོན་པར་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་དེས་རྒྱལ་ཁབ་གཞན་ལ་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད་པས། རིམས་ནད་འཇགས་རྗེས་ཀྲུང་གོ་སྔར་ལས་སྟོབས་ལྡན་དུ་འགྱུར་བར་ཡིད་ཆེས་ཡོད།  ཕ་ཁི་སི་ཐན་དང་ཀྲུང་གོ་ནི་སྐྱིད་སྡུག་མཉམ་རོལ་གྱི་སྤུན་ཟླ་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་བརྩེ་སེམས་ཟབ་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ལྡན། དཀའ་ངལ་ཇི་ཙམ་ཆེ་ན་ཕ་ཁི་སི་ཐན་དང་ཀྲུང་གོ་དབར་གྱི་མཛའ་བཤེས་དང་མཐུན་སྒྲིལ་ནི་དེ་ལས་མངོན་གསལ་རེད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་ཕྱོགས་གཅིག་ཏུ་བཟུང་ནས་དཀའ་ངལ་མཉམ་སེལ་བྱེད་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་སྔར་བཞིན་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་དང་འགྲོ་འོང་དམ་ཟབ་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཕ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ཡག་པོ་བྱེད་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་ཐོག་དྲང་སྙོམས་དང་དྲང་བདེན་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

 གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོའི་སྟེང་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།

 རྒྱལ་ཁབ་གཉིས་པོས་མཉམ་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་གྱི་གནམ་གཤིས་ལ་མི་ལྟ་བའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཇེ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།

ཝང་དབྱི་དང་ཧོ་ལི་ཧྥུང་སོགས་གྲོས་མོལ་ནང་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།