ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་མི་གཏོང་བར་ལས་འགོ་བསྐྱར་ཚུགས་བྱ་བར་གནད་ཁེལ་ཇུས་འདོན་བྱེད་དགོས་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དུ་པྲོག་གསར་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གིས་རིམས་ནད་ལ་ཁ་གཏད་གཅོག་པའི་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་སུན་ཁྲུན་ལན་གྱིས་ཚེས16ཉིན་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་ཁྲིད་དེ་ཝུའུ་ཧན་གྲོང་ཁྱེར་རུ་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ། དཔྱིད་རྨོད་ཐོན་སྐྱེད་བཅས་ཀྱི་བྱ་བར་བརྟག་ཞིབ་གནང་བ་རེད།

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་རླངས་འཁོར་བཟོ་སྐྲུན་དང་། བཟའ་བཅའ་ལས་སྣོན་ཁེ་ལས། སྔོ་ཚལ་ཐོན་སྐྱེད་རྟེན་གཞི་བཅས་གྱི་ཡུལ་དངོས་ལ་ལྟ་ཞིབ་བྱས་པ་ན། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁེ་ལས་ཁག་གིས་ཚན་རིག་དང་མཐུན་པའི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་པ་དང་གཅིག་སྡུད་རང་བཞིན་གྱི་འགོ་ནད་གཅིག་ཀྱང་བྱུང་མེད་པ་ཤེས་རྟོགས་བྱུང་། སུན་ཁྲུན་ལན་གྱིས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁེ་ལས་ལ་རྒྱབ་སྐྱོར་དང་འགན་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ“གཅིག་གཏད་གཅིག་དང་། གཅིག་འཐུས་རྣམ་པའི”ལས་མི་དང་ལྷག་པར་དུ་ཞིང་ཆེན་ནང་ཁུལ་གྱི་ཕྱིར་ལོག་མི་སྣ་དང་ཟོག་འགྲེམས་སོགས་ཀྱི་འགྲིམ་འགྲུལ་ཞབས་ཞུ་སྒྲིག་འཛུགས་ཡག་པོ་བྱས་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པར་ཁག་ཐེག་བྱེད་དགོས་པ་དང་།  འབྲེལ་ཡོད་སྡེ་ཁག་གིས་ཧུའུ་པེའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དམིགས་ས་ཡོད་པའི་སྒོ་ནས་ཁེ་ལས་ལ་རོགས་སྐྱོར་དང་། ལས་གནས་བརྟན་འཇགས། ལས་ཞུགས་རྒྱ་སྐྱེད་སོགས་ཀྱི་ལས་ཀ་སྤེལ་རྒྱུ་དང་། ནོར་ཁྲལ་དང་མ་དངུལ་བསྡུ་སྒྲིལ། མཁོ་སྤྲོད་འབྲེལ་ཐག་སོགས་ཕྱོགས་མང་པོའི་དཀའ་ངལ་དངོས་དང་གནད་དོན་རྣམས་ཞིབ་ཕྲའི་ངང་ཐག་གཅོད་བྱས་ཏེ་ཁེ་ལས་རྣམས་གང་མགྱོགས་སྒོས་རྒྱུན་ལྡན་གྱི་བགྲོད་ལམ་སྟེང་བསྐྱོད་པར་རོགས་རམ་བྱ་དགོས་ཞེས་གསུངས་པ་རེད། 

 སུན་ཁྲུན་ལན་གྱིས་བསྟན་དོན། སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཧེ་བག་ཅན་གྱི་ཐབས་ཇུས་སྤྱད་དེ་ཁུལ་དབྱེ་རིམ་དབྱེ་དང་། རིགས་དབྱེ་དུས་དབྱེ། ཆ་རྐྱེན་ལྡན་པའི་ཁེ་ལས་ཁག་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁེ་ལས་ཀྱི་རིམས་འགོག་དངོས་རྫས་ལ་ཁག་ཐེག་བྱེད་དགོས་པ་དང་། ཁེ་ལས་ལ་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་གཙོ་བོ་འཁུར་རྒྱུར་ལྟ་སྐུལ་བྱེད་རྒྱུ། བཟོ་ཁུལ་གྱི་འཁོར་ཁང་དུག་གསོད་དང་ལས་མིའི་ལུས་དྲོད་ཞིབ་དཔྱད་ཚད་ལེན། ཟ་ཁང་དུ་རླུང་རྒྱུ་བྱེད་པ་སོགས་རིམས་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ནས་རིམས་འགོག་དང་ཐོན་སྐྱེད་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་དགོས། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།