ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས16ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དྲུག་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།

རྩོམ་ཡིག་ནང་བཤད་རྒྱུར། མིའི་རིགས་ཀྱིས་ནད་ཡམས་དང་འགྲན་སྐབས་ཆེས་ནུས་ལྡན་གྱི་མཚོན་ཆ་ནི་ཚན་རིག་ལག་རྩལ་ཡིན་པ་དང་། མིའི་རིགས་ཀྱིས་གནོད་འཚེ་ཆེན་པོ་དང་ནད་ཡམས་ཆེན་པོ་ལས་རྣམ་པར་རྒྱལ་རྒྱུ་དེ་ཚན་རིག་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་ལ་འབྲལ་ཐབས་མེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་དེ་ཚན་རྩལ་འཐབ་ཕྱོགས་ཀྱི་གལ་ཆེ་བའི་ལས་འགན་ཞིག་ཏུ་བརྩིས་ནས་རིག་ཚན་མང་བའི་སྟོབས་ཤུགས་ཕྱོགས་བསྡུས་བྱེད་པ་དང་། གཅིག་གྱུར་འགོ་ཁྲིད་དང་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཚན་རིག་རང་བཞིན་རྒྱུན་འཁྱོངས་དང་བདེ་འཇགས་རང་བཞིན་འགན་ལེན་བྱེད་པའི་རྨང་གཞིའི་སྟེང་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་དཀའ་གནད་མགྱོགས་མྱུར་ངང་སེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཞིབ་སྤེལ་དང་ནད་ཐོག་སྨན་བཅོས་ཟུང་འབྲེལ་ལ་ཤུགས་སྣོན་བརྒྱབ་ནས་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་བ་དང་། ནད་ཀྱི་ཤི་བའི་ཚད་དམའ་རུ་གཏོང་དགོས། ནུས་བ་ཡོད་ཚད་བཏོན་ནས་ནད་པའི་ཚེ་སྲོག་སྐྱོབ་རྒྱུ་ནི་ཁ་ཚ་དགོས་གཏུག་དང་གལ་ཆེའི་ནང་གི་འགངས་ཆེན་རེད། ཚན་ཞིབ་འགག་སྒྲོལ་གྱིས་ནད་གཞི་ལྕི་མོ་ཕོག་པའི་ནད་པ་སྐྱོབ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་ཚན་ཞིབ་འགག་སྒྲོལ་གྱི་འདེགས་སྐྱོར་དང་འཐབ་ས་དང་པོར་ཞབས་འདེགས་ཞུ་བའི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། ནད་ཐོག་སྨན་བཅོས་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་ལ་མཐུན་སྦྱོར་མཐའ་འཁྱོངས་བྱས་ཏེ་ཚན་ཞིབ་གྲུབ་འབྲས་དེ་བས་མང་པོ་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་ཕྱོགས་ཐུབ་པ་བྱེད་དགོས། སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་ཀྱི་གསོ་རིག་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། མགྱོགས་མྱུར་གྱིས་ཞིབ་འཇུག་གསར་སྤེལ་དང་གདམ་གསེས་བྱས་པའི་ཕན་ནུས་ལྡན་པའི་སྨན་རྫས་ཁྱབ་གདལ་དང་བེད་སྤྱོད་བྱེད་པ། དུས་མཚུངས་སུ་འཐབ་ཕྱོགས་དང་པོའི་སྨན་བཅོས་ཀྱི་དགོས་མཁོ་ལྟར་ཕན་ནུས་ལྡན་པའི་སྨན་རྫས་ཁག་ཅིག་ཡང་བསྐྱར་འདེམས་སྒྲུག་བྱེད་པ་དང་། སྨན་བཅོས་བྱེད་ཐབས་གསར་པ་འཚོལ་ཞིབ་བྱེད་པ། ནུས་བ་ཡོད་ཚད་ཀྱིས་ནད་ཚབས་ཆུང་བའི་ནད་པ་ནད་གཞི་ལྕི་མོའི་ཕྱོགས་སུ་འགྱུར་བར་བཀག་འགོག་བྱས་ནས་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་དགོས། སླར་གསོའི་དུས་ཀྱི་ཁྲག་ཁུ་དང་། ཕྲ་ཕུང་། ཁེ་ལུང་རྐྱང་པའི་འགོག་གཟུགས་སོགས་སྔོན་ཐོན་གྱི་སྨན་བཅོས་བྱེད་ཐབས་སྤྱད་དེ་ནད་གཞི་ལྕི་མོ་རིགས་དང་ཉེན་ཁ་ཆེ་བའི་ནད་གཞིའི་རིགས་སྐྱོབ་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་ཤི་ཚད་དམའ་རུ་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་གྱི་སྦྲེལ་ཐག་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཐོན་སྲིད་པའི་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་གྲ་སྒྲིག་ཡག་པོ་བྱེད་དགོས། རིམས་འགོག་སྨན་ཁབ་དེ་བདེ་ཐང་གི་མིའི་དམིགས་བསལ་ཐོན་རྫས་ཤིག་ཡིན་པའི་ཆ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན་པ་དང་། བདེ་འཇགས་རང་བཞིན་གྱི་བླང་བྱ་ཡང་ཨང་དང་པོ་ཡིན། མགྱོགས་མྱུར་གྱིས་ད་ཡོད་ཀྱི་ལག་རྩལ་སྣ་ཚོགས་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་ཕྱི་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་གྱི་འཕེལ་རིམ་ལ་རྗེས་འདེད་དམ་ཟབ་གཏོང་བ། མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་པ། སྔ་མོ་ནས་རིམས་འགོག་སྨན་ཁབ་ཀྱི་ནད་ཐོག་སྨན་བཅོས་ཚོད་ལྟ་དང་ཁྲོམ་རར་འདོན་རྒྱུར་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

རྩོམ་ཡིག་ནང་བསྟན་དོན། ནད་དུག་ཁུངས་གཏུག་དང་དེའི་ཁྱབ་སྤེལ་ཐབས་ལམ་གཅིག་གྱུར་འཆར་འགོད་བྱས་ནས་ནད་ཀྱི་འབྱུང་རྩ་གང་ནས་ཡིན་པ་དང་གང་དུ་འགྲོ་དགོས་མིན་གསལ་པོ་ཤེས་དགོས། ནད་དུག་སྤྲི་དཀར་དང་ལེན་གཟུགས་མི་འདྲ་བའི་ཟུང་འབྲེལ་ཁྱད་ཆོས་སྤྱད་དེ། དོགས་ཡོད་སྲོག་ཆགས་ནི་གནས་བདག་བར་མ་ཡིན་པའི་རང་བཞིན་ལ་དཔྱད་དཔོག་བྱེད་པ་དང་། མིས་བཟོས་རིག་ནུས་དང་གཞི་གྲངས་ཆེན་པོ་སོགས་ལག་རྩལ་གསར་པ་སྤྱད་དེ་མཆེད་ནད་རིག་པ་དང་ཁུངས་གཏུག་བརྟག་དཔྱད་བྱས་ཏེ། གནད་ལ་འཁེལ་ཚད་དང་ཚགས་བཤེར་གྱི་ལས་ཆོད་ཇེ་མཐོར་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། ནད་པ་དྲག་སྐྱེད་དང་ལོགས་སུ་བཀར་བའི་མང་ཚོགས་ཀྱི་སེམས་ཁམས་ཁྲིད་སྟོན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། ནད་པའི་སེམས་ཁམས་དྲགས་རྒྱུར་གོ་རིམ་དགོས་པ་དང་། ཁྱིམ་དུ་ལོགས་སུ་བཀར་བའི་མང་ཚོགས་རྣམས་ཡུན་རིང་འགོར་ན་སེམས་ཁམས་ཀྱི་གནད་དོན་འདྲ་མིན་སྣ་ཚོགས་འབྱུང་སྲིད་པ་དང་། ནད་ཕོག་ནས་འདས་པོའི་ཁྱིམ་མིར་ཡང་སེམས་ཁམས་ཀྱི་ཁྲིད་སྟོན་བྱེད་དགོས། ཁོང་ཚོའི་སེམས་ཁམས་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ཕྱོགས་ཡོངས་ནས་སེམས་ཁམས་ཁྲིད་སྟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

 རྩོམ་ཡིག་ནང་བསྟན་དོན། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། བཟའ་བཏུང་གི་གོམས་གཤིས། སྤྱི་ཚོགས་ཀྱི་སེམས་ཁམས་བདེ་ཐང་། སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་སོགས་ཕྱོགས་མང་པོའི་ཐད་ནས་ལས་དོན་སྤེལ་བ་དང་ལྷག་པར་དུ་རི་སྐྱེས་སྲོག་ཆགས་ཟ་བའི་གོམས་གཤིས་ངན་པ་གཏན་འགོག་བྱས་ཏེ་ཡ་རབས་སྐྱོན་བྲལ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས

རྩོམ་ཡིག་ནང་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ནི་མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ཡིན་པས། རྒྱལ་ཁབ་སོ་སོས་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་དགོས། མིག་སྔར། རྒྱལ་ཁབ་མང་པོར་ཐེངས་འདིའི་གློ་ཚད་རིམས་ནད་བྱུང་བ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་བ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་རྒྱལ་ཁབ་དང་། ལྷག་པར་དུ་རིམས་ནད་ཕོག་ཤུགས་ཆེ་བའི་རྒྱལ་ཁབ་ཀྱིས་ཁུངས་གཏུག་དང་། སྨན་རྫས། རིམས་འགོག་སྨན་ཁབ། ཞིབ་དཔྱད་ཚད་ལེན་སོགས་ཀྱི་ཚན་ཞིབ་མཉམ་ལས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་ཞིབ་གྲངས་གཞི་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་། ཐུན་མོང་གིས་ཁ་གཏད་གཅོག་པའི་ཐབས་ཇུས་ཞིབ་འཇུག་བཏོན་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།