ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་ཐ་ལིར་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་པར་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལར་འཚམས་འདྲིའི་གློག་འཕྲིན་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125711924_15841979296911n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་ཤས་སྔོན་ལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལར་གློག་འཕྲིན་བཏང་སྟེ། ཉེ་དུས་དབྱི་ཐ་ལིར་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་པར་དབྱི་ཐ་ལིའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་གཉིས་ཁེ་ནི་ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་རོགས་ཟླ་བྱེད་པའི་བརྗོད་བྱ་གཙོ་བོ་ཡིན། ཐེངས་འདིར་དབྱི་ཐ་ལིར་དཀའ་ངལ་འཕྲད་ཡོད་པས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་དབྱི་ཐ་ལི་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འབད་བརྩོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ་མཉམ་ལས་དང་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་མིའི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕུང་བོ་ཡིན་པས་མཐུན་སྒྲིལ་མཉམ་ལས་བྱས་ན་ད་གཟོད་གོ་ལ་ཧྲིལ་པོའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་ཐུབ། ཀྲུང་གོ་དང་དབྱི་ཐ་ལི། དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་གཅིག་ཏུ་སྦྲེལ་ནས་འབད་བརྩོན་བྱས་ཚེ། སྔ་ས་ནས་རིམས་ནད་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་མགོན་སྐྱབས་གནང་ཐུབ་ངེས་རེད། ད་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལི་དབར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བའི་ལོ་ཞིག་ཡིན་པས་ཕན་ཚུན་ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་འབད་བརྩོན་ཁྲོད་ཀྲུང་གོ་དང་དབྱི་ཐ་ལིའི་སྲོལ་རྒྱུན་མཛའ་གྲོགས་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ་དང་མཉམ་ལས་ཀྱི་དོན་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།