ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུས། ཨ་རི་ཕྱོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་འདེབས་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་རང་སྐྱོན་རང་བརྟག་དང་ནོར་འཁྲུལ་ཡོ་བསྲང་བྱས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་རྒྱུའི་སྐུལ་འདེབས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། 
     གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་11ཉིན་ཨ་རིའི་རྒྱལ་དོན་ཁང་གིས“2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་མི་འདྲ་བའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ”ཁྱབ་བསྒྲགས་བྱས་པ་དང་། ཨ་རིའི་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨའོ་ཡིས་སྙན་ཞུའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་དང་ཤིན་ཅང་སྐྱོང་བའི་སྲིད་ཇུས་ལ་སྐྱོན་འཛུགས་བྱས་པ་རེད། 
     “ཨ་རི་ཕྱོགས་ཀྱི‘རྒྱལ་ཁབ་མི་འདྲ་བའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ’ཞེས་སུ་འབོད་པའི་ནང་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ནང་དོན་གྱི་གཏམ་རྙིང་བསྐྱར་ཟློས་དང་། དོན་དངོས་ལ་མི་ལྟ་བ། ཡིན་མིན་མཉམ་བསྲེས་བྱས་འདུག་པ་དང་། སྙན་ཞུ་དེ་དང་ཕུང་ཕེ་ཨའོ་ཡི་གསུང་བཤད་ནང་ཆབ་སྲིད་ཀྱི་རྫུན་གཏམ་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་གྱི་ལྟ་ཚུལ་གྱིས་ཁེངས་ཡོད་པས་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་ཀེང་ཧྲོང་གིས་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་བཤད། 
     ཀེང་ཧྲོང་གིས་ཀྲུང་གོ་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། “ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པས། ཀྲུང་གོའི་མི་དམངས་ལ་སྐད་ཆ་བཤད་དབང་ཆེ་ཤོས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་མིག་མཐོང་ལག་ཟིན་བྱུང་ཡོད། དེ་ནི་ཨ་རིའི་མི་ཁ་ཤས་ཀྱིས་སྐད་ཆ་ཚིག་ཁ་ཤས་སམ་སྙན་ཞུ་ཞིག་སྤེལ་བས་དམའ་འབེབས་བྱེད་ཐུབ་པ་ཞིག་མིན”ཞེས་བརྗོད།
     ཀེང་ཧྲོང་གིས་ཤིན་ཅང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པ་ལས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ཐེ་ཇུས་བྱེད་མི་ཆོག ཀྲུང་གོ་སྲིད་གཞུང་གིས་ཤིན་ཅང་དུ་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་བྱ་སྤྱོད་མེད་པ་བཟོ་བའི་བྱ་ཐབས་ཁྲིམས་ལྟར་སྤྱད་པར་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་ཁས་ལེན་དང་གདེང་འཇོག་ཡག་པོ་ཡང་ཐོབ་ཡོད། ཨ་རི་ཕྱོགས་ལ་དེའི་ཐད་མཐོ་བཤད་དམའ་བཤད་བྱེད་དབང་མེད། “ང་ཚོས་ཨ་རི་ཕྱོགས་ཀྱིས་རང་སྐྱོན་རང་བརྟག་དང་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་རྒྱུའི་སྐུལ་འདེབས་བྱ་རྒྱུ་ཡིན། དེ་མིན་ཀྲུང་གོ་མི་དམངས་ཀྱི་སྔར་ལས་དྲག་པའི་ངོ་རྒོལ་ཐེབས་ངེས་རེད”ཅེས་བརྗོད་པ་རེད། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།