ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་པ། ལས་དོན་ཚོགས་ཆུང་ 29སྒྲིག་འཛུགས་བྱས་ནས་ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ལ་བརྟག་ཞིབ་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་བརྟག་ཞིབ་སྒྲིག་འཛུགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་སྟེ་ཟླ་3པའི་ཟླ་དཀྱིལ་དུ་བརྟག་ཞིབ་ལས་དོན་ཚོགས་ཆུང་29སྒྲིག་འཛུགས་བྱས་ཏེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གཅིག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་སྤེལ་ཚུལ་ལ་བརྟག་ཞིབ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
     《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། བརྟག་ཞིབ་ཀྱི་གཙོ་གནད་ཕྱོགས་ལྔ་ཡིན་པ་སྟེ། གཅིག་ནས་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་སྒྲིག་ལམ་མྱུར་པོ་བསྐྲུན་པ་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་རྒྱུས་ལོན་བྱས་པ་དང་། གཉིས་ནས་ས་གནས་ཀྱིས་རྫོང་ཁོངས་ཚན་པར་བྱས་ནས་ཁུལ་དང་རིམ་པ་དབྱེ་སྟེ་གནད་ལ་འཁེལ་ཞིང་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་དང་། ས་གནས་ཀྱིས་ཞབས་ཞུ་སྟབས་བདེར་གཏོང་བར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་པ། རིམས་ནད་ཀྱི་རྡབ་རྡེག་དབང་གིས་ཁེ་ལས་ལ་བྱུང་བའི་ལས་མི་དཀོན་པ་དང་། མ་དངུལ་ཁ་ཐང་བ། མ་བཅོས་རྒྱུ་ཆ་དཀོན་པ། མཁོ་སྤྲོད་འབྲེལ་ཐག་འབེལ་པོ་མེད་པ་སོགས་ཀྱི་དོན་དངོས་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པ་བཅས་ལ་བརྟག་ཞིབ་དང་རྒྱུས་ལོན་བྱས་པ། གསུམ་ནས་འགྲིམ་འགྲུལ་དང་། ཟོག་འགྲེམས། སྐྱེལ་འདྲེན་བཅས་ཤར་གཏོང་འགན་ལེན་བྱེད་པ་དང་། ཞིང་པ་ལས་མི་སོགས་ལས་གནས་ཐོག་ཕྱིར་ལོག་ནས་ལས་ཞུགས་བྱ་རྒྱུ་འགན་ལེན་བྱེད་པ། ཁེ་ལས་ལ་གང་མགྱོགས་ཐོན་ནུས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། སྐྲུན་བཞིན་པ་དང་གསར་དུ་ལས་འགོ་བཙུགས་པའི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་མིན། ཕྱི་ཕྱོགས་མ་རྩའི་རྣམ་གྲངས་གལ་ཆེན་དོན་འཁྱོལ་ལ་དམ་འཛིན་བྱས་མིན། རིམས་ནད་རྐྱེན་གྱིས་དབུལ་པོར་གྱུར་པ་དང་དབུལ་པོར་རང་ལོག་ཐེབས་པའི་ཞིང་དུད་ལ་རོགས་སྐྱོར་བྱས་མིན། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་མིན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་བྱ་རྒྱུ། བཞི་ནས་རྒྱལ་ཁབ་ཀྱིས་བཏོན་པའི་དུས་མཚམས་རང་བཞིན་གྱི་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་གནས་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དང་དེ་བཞིན་སྒེར་གཉེར་བཟོ་ཚོང་དུད་ཚང་གི་དངུལ་བུན་ལ་ངོ་སྐྱེད་གཙང་སྤྲོད་བྱ་རྒྱུ་སྐབས་འཕྲལ་ནར་འགྱངས་བྱེད་པ་དང་། སྐྱེད་ཀ་དམའ་བའི་དངུལ་བུན་གཡར་བ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱུང་མིན་དང་། སྲིད་ཇུས་གསལ་འགྲེལ་ཡག་པོ་དང་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་བརྟག་ཞིབ་དང་ཤེས་རྟོགས་བྱ་རྒྱུ། ལྔ་ནས་ས་གནས་ཏང་ཨུད་དང་སྲིད་གཞུང་དང་། ཁེ་ལས། སྒེར་གཉེར་བཟོ་ཚོང་དུད་ཚང་། མང་ཚོགས་བཅས་ཀྱིས་གོང་ཞུ་བྱས་པའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་རྒྱལ་ཁབ་ཀྱི་ངོས་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གནད་དོན་དང་བསམ་འཆར་དང་གྲོས་འགོ ལྷག་པར་དུ་ཡུལ་དེས་ཐག་གཅོད་བྱེད་མི་ཐུབ་པར་ཞིང་ཆེན་སྒྲོལ་ནས་མཐུན་སྦྱོར་དང་། ལས་རིགས་སྡེ་ཚན་གྱིས་རྒྱབ་སྐྱོར་བྱས་ནས་ཐག་གཅོད་བྱེད་དགོས་པའི་དོན་དག་ལ་བརྟག་ཞིབ་དང་ཤེས་རྟོགས་བྱ་རྒྱུ་བཅས་རེད།
     《བརྡ་ཐོ》ཡི་ནང་བླང་བྱ་བཏོན་དོན། བརྟག་ཞིབ་བྱེད་རིང་། འབྲེལ་ཡོད་ཕྱོགས་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ་སྤྱོད་གཙང་རང་འདོམས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་དགོས། བརྟག་ཞིབ་ཚོགས་ཆུང་གིས་ཕྱོགས་ཡོངས་ཀྱི་ལས་དོན་གྱི་སྙན་སེང་ཉན་པ་ཙམ་མིན་པར་གཞི་རིམ་དང་འཐབ་ས་དང་པོར་བསྐྱོད་ནས་གནས་ཚུལ་དངོས་ཤེས་རྟོགས་བྱེད་པ་དང་། མི་20ཡན་གྱི་ཚོགས་འདུ་མི་འཚོག་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱེད་སྟངས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ས་གནས་ཀྱིས་གོང་ཞུ་བྱས་པའི་དཀའ་ངལ་དང་གནད་དོན་ཁྲོད་ནས། ས་གནས་ས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་ཐུབ་རིགས་བརྟག་ཞིབ་ལས་དོན་ཚོགས་ཆུང་གིས་ས་གནས་ས་ཐོག་ནས་མཐུན་སྦྱོར་ཐག་གཅོད་བྱེད་དགོས། རྒྱལ་ཁབ་ཀྱིས་ཐག་གཅོད་བྱེད་དགོས་རིགས་དུས་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལ་སྙན་སེང་ཞུ་དགོས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།