ཀྲུང་གོ་བོད་ཀྱི་དྲ་བ།

ཏོག་གསར་ནད་དུག་ནི་ཨ་རིའི་དམག་མིས་ཝུའུ་ཧན་དུ་ཁྱེར་ཡོང་བ་ཡིན་ནམ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནད་དུག་གི་འབྱུང་ཁུངས་སྐོར་གྱི་གནད་དོན་ལ་ལྟ་ཚུལ་མི་འདྲ་བ་འཛིན་གྱི་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འདི་ནི་ཚན་རིག་གི་གནད་དོན་ཞིག་ཡིན་པས་ཚན་རིག་དང་ཆེད་ལས་རང་བཞིན་གྱི་བསམ་འཆར་ལ་ཉན་དགོས་པར་ངོས་འཛིན་བྱས།

ཚེས13ཉིན་འཚོགས་པའི་ཕྱི་འབྲེལ་པུའུ་ཡི་གསར་འགོད་པའི་འཆར་ཅན་གྱི་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཉེ་ཆར་བཤད་ཚུལ་ཞིག་ལ་ཨ་རིའི་དམག་མིས་ཏོག་གསར་ནད་དུག་ཝུའུ་ཧན་དུ་འཁྱེར་ཡོང་བ་རེད་ཅེས་བརྗོད་བཞིན་འདུག དེའི་ཐད་ཁྱེད་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་ཅེས་དྲིས་པའི་ལན་དུ། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲེང་གིས། ཉེ་བའི་དུས་སྐབས་ཤིག་ལ་ང་ཚོས་ཏོག་གསར་ནད་དུག་གི་མགོ་ཁུངས་སྐོར་ལ་གྲོས་བསྡུར་མང་པོ་བྱས་ཡོད་མོད། འོན་ཏེ་ཨ་རིའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་རྒྱལ་ཚོགས་ཀྱི་གྲོས་མི་རེ་ཟུང་གིས་དེར་བརྟེན་ནས་བདེན་པ་མིན་པ་དང་འགན་མི་འཁུར་བའི་གཏམ་བརྗོད་སྣ་ཚོགས་སྤེལ་ནས་ཀྲུང་གོར་དམའ་འབེབས་དང་ཚིག་མཚོན་འདེབས་ཀྱིན་ཡོད་པ་དེར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན།

དོན་དངོས་ཐོག་ཨ་རིའི་རྒྱལ་ནང་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ལའང་ནད་དུག་གི་འབྱུང་ཁུངས་ཀྱི་གནད་དོན་ཐད་ལྟ་སྟངས་མི་འདྲ་བ་ཡོད་མོད། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འདི་ནི་ཚན་རིག་གི་གནད་དོན་ཞིག་ཡིན་པས་ཚན་རིག་དང་ཆེད་ལས་རང་བཞིན་གྱི་བསམ་འཆར་ལ་ཉན་དགོས་པར་ངོས་འཛིན་བྱ་བཞིན་ཡོད་ཅེས་བསྟན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།