ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧན་གོ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཐད་ནས་ཧན་གོའི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་གློག་འཕྲིན་བཏང་སྟེ། ཉེ་ལམ་ཧན་གོ་རུ་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐད་ནས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ནས་ཧན་གོའི་སྲིད་གཞུང་དང་མི་དམངས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧན་གོ་གཉིས་ནི་ཕན་ཚུན་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ཁྱིམ་མཚེས་བཟང་བོ་ཡིན། ཧན་གོའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོས་ཉེ་སྔོན་ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་སེམས་ཁུར་དང་འཚམས་འདྲི་བྱས་པར་མ་ཟད་རོགས་རམ་བྱས་མྱོང་བ་དང་། ཙུང་ཐུང་ཝུན་ཙེ་དབྱིན་གྱིས་ལྷག་པར་དུ་ཀྲུང་གོའི་དཀའ་ཁག་ནི་ཧན་གོའི་དཀའ་ཁག་ཡིན་ཞེས་ནན་གྱིས་བསྟན་མྱོང་ཟེར། ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་ལ་རྒྱལ་མཚམས་མེད་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་སྐལ་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་ཡིན་ལ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཧན་གོའི་མིག་སྔའི་རིམས་ནད་དང་དཀའ་ཁག་ཐད་སེམས་ཁུར་བྱེད་ཀྱིན་ཡོད། ཀྲུང་གོས་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་པ་དང་། ཧན་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཧན་གོ་དང་མཉམ་ལས་བྱས་ནས། སྔ་མོ་ནས་མཉམ་དུ་རིམས་ནད་འགོག་རྒོལ་ཐད་ཀྱི་རྒྱལ་ཁ་ལེན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ངས་ཀྲུང་གོ་དང་ཧན་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཙུང་ཐུང་ཝུན་ཙེ་དབྱིན་དང་མཉམ་དུ་འབད་འཐབ་བྱས་ཏེ། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོར་བསླེབ་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།