ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཐད་ནས་དབྱི་ལིང་གི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་དབྱི་ལིང་གི་ཙུང་ཐུང་ལུའུ་ཧྭ་ཉི་ལ་གློག་འཕྲིན་བཏང་སྟེ། ཉེ་ལམ་དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཐད་ནས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ནས། དབྱི་ལིང་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ནན་གྱིས་བསྟན་དོན། ཀྲུང་གོ་དང་དབྱི་ལིང་གཉིས་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་ཟབ། དབྱི་ལིང་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་མྱོང་། དབྱི་ལིང་གི་རིམས་ནད་འགོག་རྒོལ་ཐད་རོགས་སྐྱོར་བྱེད་ཆེད། ཀྲུང་གོས་དབྱི་ལིང་ལ་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་སྐོར་ཞིག་འདོན་སྤྲོད་བྱས་པ་དང་། དབྱི་ལིང་དུ་དང་བླངས་སྨན་བཅོས་ཆེད་མཁས་པའི་དཔུང་སྡེ་མངགས། ཀྲུང་གོས་དབྱི་ལིང་བར་གྱི་རིམས་ནད་འགོག་བཅོས་མཉམ་ལས་ལ་ཤུགས་སྣོན་པ་མ་ཟད། མུ་མཐུད་དུ་དབྱི་ལིང་ལ་རོགས་རམ་བྱེད་འདོད་ཡོད། དབྱི་ལིང་སྲིད་གཞུང་དང་མི་དམངས་ཀྱིས་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་བརྟན་པོ་བཅངས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།