ཞི་ཅིན་ཕིང་གིས་དུས་བཅད་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། དྲུང་ཡིག་ཆེན་མོས་ང་ལ་འཕྲིན་ཡིག་བསྐུར་ཡོང་སྟེ་འཚམས་འདྲི་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སྤྱད་པའི་རིམས་ནད་འགོག་སྲུང་བྱེད་ཐབས་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད་ཐེངས་མང་པོར་མངོན་གསལ་སྒོས་གཏམ་བཤད་དེ་ཀྲུང་གོས་རིམས་ནད་འགོག་བཅོས་ཐད་ལ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པར་བདག་གིས་བཀའ་དྲིན་ཆེ་ཞུ་བ་ཡིན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་རྒྱལ་ནང་གི་རིམས་ནད་འགོག་བཅོས་ཚོད་འཛིན་གནས་བབ་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་ཀྱིན་ཡོད། གོ་རིམ་རྗེས་མར་ང་ཚོས་མུ་མཐུད་དུ་རིམས་ནད་འགོག་བཅོས་བྱ་བ་དམ་འཛིན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ངེས་ཡིན། ཀྲུང་གོ་མི་དམངས་ཐེངས་འདིའི་རིམས་ནད་འགོག་རྒོལ་ལས་ཅིས་ཀྱང་རྣམ་པར་རྒྱལ་ཐུབ་པ་དང་། སྔོན་ལ་གཏན་འཁེལ་བྱས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་ཅིས་ཀྱང་མངོན་འགྱུར་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཆེན་པོ་ཡོད། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་ལོན་པའི་ལོ་ཡིན་པས། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱེད་པ་དེ་གོ་སྐབས་སུ་བཟུང་སྟེ་ཕྱོགས་མང་རིང་ལུགས་ཀྱི་ཁས་ལེན་དམ་བཅའ་བསྐྱར་སྒྲོག་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་དེང་སྐབས་དཀའ་ཁག་དང་འཕྲད་པའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་རྒོལ་ཐད་ལ་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་བ་དང་། ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་ནད་འགོག་བཅོས་ཉམས་མྱོང་ལོངས་སུ་སྤྱོད་དུ་བཅུག་པར་མ་ཟད་སྨན་བཅོས་དངོས་རྫས་དང་འགོག་ཁབ་སྨན་རྫས་སོགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་པར་གཟེངས་བསྟོད་བྱེད་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འགོ་ཁྲིད་ཀྱི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།