ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་ཚོང་ར་འཁོར་སྐྱོད་དང་འཁོར་རྒྱུག་འཕེལ་རྒྱས་ཞབས་ཕྱིའི་སྟེགས་བུ་དང་ཕྱི་ཚོང་ཕྱི་དངུལ་མཐུན་སྦྱོར་རྐྱེན་སྲོལ་ལ་གཟིགས་ཞིབ་གནང་།

1125709676_15841072180001n.jpg

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་ཚོང་ར་འཁོར་སྐྱོད་དང་འཁོར་རྒྱུག་འཕེལ་རྒྱས་ཞབས་ཕྱིའི་སྟེགས་བུ་དང་ཕྱི་ཚོང་ཕྱི་དངུལ་མཐུན་སྦྱོར་རྐྱེན་སྲོལ་ལ་གཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལྟར། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་ནས། ཉོ་ཚོང་འཁོར་རྒྱུག་ཚོང་ར་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་དགོས་ལ། འཛད་སྤྱོད་ཀྱི་སྦས་ཤུགས་ཆེན་པོ་འདོན་སྤེལ་བྱེད་པ་དང་། ཕྱི་ཚོང་ཕྱི་དངུལ་གྱི་གཞི་རྩའི་བསམ་བཀོད་བརྟན་འཇགས་སུ་བཏང་ནས་དཔལ་འབྱོར་གྱི་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་འབྲེལ་ཡོད་ལས་ཁུངས་ཀྱིས་འཛད་སྤྱོད་ཚོང་རའི་འཁོར་སྐྱོད་དང་ཉོ་ཚོང་འཁོར་རྒྱུག་ལས་རིགས་སླར་གསོ་བྱས་པ་སོགས་ཀྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས་གསུངས་རྒྱུར། རིམས་ནད་ཀྱིས་བཟོས་བའི་དཀའ་ཁག་གི་མདུན་དུ་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཅིག་ནས་འཕྲལ་སྒྲུབ་བཀོད་སྒྲིག་ལ་ཤུགས་བསྣན་པ་དང་ཕྱོགས་གཞན་ཞིག་ནས་ཚོང་རའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱས་ཏེ།  ཧུའུ་པེ་དང་ཐ་ན་རྒྱལ་ཡོངས་ཀྱི་འགོག་སྲུང་དངོས་རྫས་དང་འཚོ་བའི་དགོས་མཁོ་དངོས་རྫས་སོགས་འདོན་སྤྲོད་བྱེད་པར་ནུས་ལྡན་འགན་སྲུང་བྱས་པ་དང་། ཚོང་རྫས་གཙོ་བོའི་རིན་གོང་ཕལ་ཆེར་བརྟན་འཇགས་ཡིན། དེ་ནི་ཐོབ་སླ་མོ་ཞིག་མིན་པ་དང་རིམས་ནད་འགོག་རྒོལ་ཐད་ལ་འདེགས་ཤུགས་ཆེན་པོ་འདོན་སྤྲོད་བྱས། འབྲེལ་ཡོད་ལས་ཁུངས་སོ་སོས་དོན་དང་སྦྲེལ་ཏེ་འཛད་སྤྱོད་ལ་སྐུལ་ཁྲིད་དང་ནུས་ལྡན་ནང་མཁོ་རྒྱ་བསྐྱེད་པའི་སྲིད་ཇུས་འདོན་དགོས་ཟེར།

ལིས་ཁི་ཆང་གིས་ཕྱི་ཚོང་བརྟན་འཇགས་དང་ཕྱི་དངུལ་བརྟན་འཇགས་བྱ་བ་དང་ཕྱི་དངུལ་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པ་སོགས་ཀྱི་ཡར་ཞུ་ལ་ཉན་རྗེས་གསུངས་རྒྱུར། རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་ལ་དཀའ་ཁག་ཆེན་པོ་བཟོས་ཤིང་། རྒྱལ་སྤྱིའི་དངུལ་རྩའི་ཚོང་ར་ཡང་ཉམས་རྒུད་ཆེན་པོ་བྱུང་བ་དང་། རང་རྒྱལ་གྱི་ཕྱི་ཕྱོགས་ཁོར་ཡུག་འཕེལ་རྒྱས་ཀྱི་གནས་བབ་ཛ་དྲག་ཆེ་ཞིང་རྙོག་འཛིང་ལྡན་པ་ཞིག་ཡིན། དཀའ་ཁག་གང་འདྲ་ཆེ་རུང་ང་ཚོས་བཅོས་སྒྱུར་སྒོ་འབྱེད་ཀྱི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་དགོས་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ན་ཕྱི་ཚོང་བརྟན་འཇགས་དང་ཕྱི་དངུལ་བརྟན་འཇགས་བྱེད་པ་སྔར་ལས་ནུས་ཤུགས་ལྡན་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།