ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་སྨན་དོན་མི་སྣས་ཧུའུ་པེར་ནུས་པ་ཡག་པོ་ཐོན་འདུག

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧུའུ་པེ་རུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་སོགས་ཀྱི་སྨན་ཞབས་རུ་ཁག་གིས་རིམས་ནད་ལ་འཐབ་འཛིང་བྱས་པའི་གནས་ཚུལ་ངོ་སྤྲོད་གནང་བ།

54149e92-c48d-4ae0-86a1-ec0af970d159.jpeg

    སྤྱི་ཟླ་3པའི་ཚེས་11ཉིན། ཧུའུ་པེ་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལས་དོན་བཀོད་འདོམས་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ཏེ། ཧོ་པེ་ཞིང་ཆེན་དང་། ཨན་ཧུའེ་ཞིང་ཆེན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས། ཀན་སུའུ་ཞིང་ཆེན། དེ་བཞིན་མཚོ་སྔོན་ཞིང་ཆེན་བཅས་ཀྱི་སྨན་ཞབས་རུ་ཁག་ནས་ཧུའུ་པེར་རོགས་སྐྱོར་བྱས་ཏེ་རིམས་ནད་འགོག་བཅོས་ལས་དོན་སྒྲུབ་ཚུལ་ངོ་སྤྲོད་བྱས་པ་དང་སྦྲགས་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད།

2d69ef20-5286-46f6-b2f5-4228782901c5.jpeg

མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་ཞབས་རུ་ཁག་གི་རུ་མི། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་སྨན་ཞབས་ཚན་ཁག་གི་ཀྲུའུ་རིན་དབྱངས་བཙན་མཚོ་གདན་ཞུ་ལྟར་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད།

སྤྱི་ཟླ་2པའི་ཚེས་28ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་རུ་ཁག་2ཀྱི་སྨན་དོན་མི་སྣ་239ཧུའུ་པེར་རོགས་སྐྱོར་བྱེད་པར་མངགས་ཡོད་པ་དང་། ཝུའུ་ཧན་གྲོང་ཁྱེར་ཤིན་ཀྲོའུ་ཁུལ་མི་དམངས་སྨན་ཁང་དང་། ཤིན་ཀྲོའུ་ཁུལ་ཀྲུང་ལུགས་གསོ་རིག་སྨན་ཁང་། ཧུའུ་པེ་ཀྲུང་ཧྲན་སྨན་ཁང་ཡང་ལོ་སྨན་ཁང་ཁུལ། དེ་བཞིན་ཝུའུ་ཁྲང་ཁུལ་སྟབས་བདེའི་སྨན་ཁང་བཅས་སུ་ཁག་བགོས་མངགས་གཏོང་བྱས་ཡོད།

c2eec787-6a1d-48fd-a0a8-8aff78a240fb.jpeg

སྨན་དོན་མི་སྣ་དབྱངས་བཙན་མཚོས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཟླ་2པའི་ཚེས་4ཉིན་གྱི་ཐོ་རེངས་སྐབས་སུ། རྒྱལ་ཁབ་ཀྱི་ཛ་དྲག་བརྡ་ཐོ་འབྱོར་རྗེས། མཚོ་སྔོན་ཞིང་ཆེན་གྱིས་ཆུ་ཚོད་7གྱི་ནང་ཚུན་དུ་སྨན་ཁང་25ཡི་སྨན་དོན་མི་སྣ་102ལས་གྲུབ་པའི་མཚོ་སྔོན་གྱི་ཧུའུ་པེར་བསྐྱོད་པའི་སྨན་ཞབས་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཝུའུ་ཧན་གྱི་འཐབ་ས་མདུན་མར་བསྐྱོད་ཡོད། མཚོ་སྔོན་སྨན་ཞབས་རུ་ཁག་གིས་ཁ་གཏད་རོགས་སྐྱོར་བྱེད་སའི་ཝུའུ་ཁྲང་ཁུལ་སྟབས་བདེའི་སྨན་ཁང་ནི་ཁག་དང་པོར་འཛུགས་སྐྲུན་བྱས་པའི་སྟབས་བདེའི་སྨན་ཁང་གི་གྲས་ཤིག་ཡིན་པ་དང་། མིག་སྔའི་བར་སླེབས་དུས། མཚོ་སྔོན་ཞིང་ཆེན་གྱི་སྨན་ཞབས་རུ་ཁག་གིས་རིམ་རྩིས་བྱས་ན་ཁྱོན་ཞག་སྡོད་ནད་དཔེ་328བདག་སྐྱོང་བྱས་པ་དང་། སྨན་ཁང་ནས་ཕྱིར་ཐོན་པའི་ནད་དཔེ་246ཟིན་ཡོད་པ་རེད།

དབྱངས་བཙན་མཚོས། ནད་པར་མཚོན་ན་སྨན་བཅོས་དང་བདག་སྐྱོང་གཉིས་ཀ་གལ་ཆེ་བས། མཚོ་སྔོན་ཞིང་ཆེན་གྱི་སྨན་ཞབས་རུ་ཁག་གིས་སྨན་བཅོས་སྐྱོབ་བཅོས་ཁྲོད་ནད་པར་བདག་སྐྱོང་བཟང་པོ་དང་ནུས་ལྡན་གྱི་སྨན་བཅོས་བྱས་པ་མ་ཟད། དུས་ཐོག་གི་སེམས་ཁམས་གསོ་བཅོས་བྱས་པས། ནད་པ་དྲག་སྐྱེད་ཡོང་རྒྱུར་ལེགས་སྐྱེས་གང་ལེགས་ཕུལ་ཡོད་ཅེས་གསུངས།

47600388-e518-40d5-b25f-619f4da08248.jpeg

གསར་འགོད་པས་ཁྱེད་རང་ཞུགས་པའི་སྨན་ཞབས་རུ་ཁག་ལ་མཚོན་ན། ཁྱེད་རང་སྤོབས་པ་སྐྱེ་འོས་པའི་ཆ་གང་དག་ཡིན་ཞེས་དྲིས་པར། དབྱངས་བཙན་མཚོས། དེ་ནི་ང་ཚོའི་རུ་མི་ཚོ་ཡིན། ཁོང་ཚོས་དུས་ཐུང་ནང་ཁོར་ཡུག་གོམས་འདྲིས་ཐུབ་པ་བྱས་པ་དང་། དཀའ་ངལ་ལ་མི་སྐྲག་པར་དཀའ་སྤྱད་འབད་འཐབ་དང་ཕྱར་བ་གྲུ་འདེགས་ཀྱིས་ཉིན་མཚན་35ཡི་རིང་འབད་འཐབ་བྱས་ཏེ། སྨན་ཞབས་འགན་འཁྲི་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་སྒྲུབ་བྱས་ཡོད། དེ་མིན་རུ་སྣེ་ཁྲིད་མཁན་གྱིས་དུས་ཐོག་ཏུ་འབྲེལ་གཏུག་དང་གོང་འོག་མཐུན་སྦྱོར་གྱིས་ལས་སྒོ་རྒྱུན་གཏན་ལྟར་སྤེལ་བར་ཁག་ཐེག་བྱས་པས། ལས་དོན་ཁག་བདེ་བླག་ངང་སྒྲུབ་ཐུབ་ཡོད། ང་ཚོའི་རུ་ཁག་ལ་རྒྱལ་ཡོངས་ཀྱི་བདེ་ཐང་མ་ལག་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་ཅེས་པ་སོགས་ཀྱི་མཚན་སྙན་སྤྲད་པར། ང་ཚོའི་སེམས་ནང་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག་ཅེས་གསུངས། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།