ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱིས་འབུ་ཆ་ག་པའི་གནོད་འཚེ་སྔོན་འགོག་ལེགས་པོ་བྱེད་དགོས་པའི་རེ་བ་བཏོན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2020ལོའི་ཟླ2པའི་ཚེས11ཉིན། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས(FAO)ཀྱིས་གོ་ལ་ཧྲིལ་པོར་བྱེ་ཐང་གི་འབུ་ཆ་ག་པའི་གནོད་འཚེ་ཐེབས་སྲིད་པའི་ཉེན་བརྡ་བཏང་ཡོད་ཅིང་། ཉེ་ཆར། བྱེ་ཐང་གི་འབུ་ཆ་ག་པ་ཨ་ཧྥེ་རི་ཁ་ཤར་མ་ནས་རྒྱ་གར་དང་ཕ་ཁི་སི་ཐན་དུ་མཆེད་པ་དང་། དེ་བཞིན་རང་རྒྱལ་ལའང་བྱེ་ཐང་གི་འབུ་ཆ་ག་པ་ཁྱབ་ཡོང་བའི་ཉེན་ཁ་ཡོད་པས། བྱེ་ཐང་གི་འབུ་ཆ་ག་པ་རང་རྒྱལ་དུ་ཡོང་བའི་ཉེན་ཁར་ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་འཇལ་ཏེ། བྱེ་ཐང་གི་འབུ་ཆ་ག་པ་དང་རྩྭ་ཐང་གི་འབུ་ཆ་ག་པའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་ཆེད། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱིས་འབྲེལ་ཡོད་བརྡ་ཐོ་བཏང་ཡོད།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་བརྡར་ཤ་བཅད་པ་ལྟར་ན། ཐེངས་འདིར་ཨ་ཧྥེ་རི་ཁར་བྱུང་བའི་བྱེ་ཐང་གི་འབུ་ཆ་ག་པའི་གནོད་འཚེ་དེ་ཐོག་མའི་དུས་སུ་ཚོད་འཛིན་ཡག་པོ་བྱེད་མ་ཐུབ་པས།2020ལོའི་ཟླ6པའི་བར་རྒྱུན་མཐུད་ནས་གནས་སྲིད་པ་དང་། སྐབས་དེའི་འབུ་ཆ་ག་པའི་ཁྱུ་ཚོགས་ཀྱི་གཞི་ཁྱོན་དེ་ད་ལྟའི་གཞི་ཁྱོན་ལས་ལྡབ500བར་འཕར་སྲིད།ཆེད་མཁས་པས་ཞིབ་འཇུག་བརྡར་ཤ་བཅད་པ་ལྟར་ན།གལ་ཏེ་གནམ་གཤིས་ཀྱི་ཆ་རྐྱེན་འོས་འཚམ་ཡིན་ཚེ། ཐེངས་འདིའི་བྱེ་ཐང་གི་འབུ་ཆ་ག་པ་ཕ་ཁི་སི་ཐན་དང་རྒྱ་གར་ནས་ཐད་ཀར་བོད་ལྗོངས་སུ་འཛུལ་ཡོང་བའམ་འབར་མ་ནས་ཡུན་ནན་དུ་འཛུལ་ཡོང་བ། ཡང་ན་ཧ་སག་སི་ཐན་བརྒྱུད་དེ་ཞིན་ཅང་དུ་འཛུལ་ཡོང་བའི་ཉེན་ཁ་ཡོད་པས། ཡུན་ནན་དང་བོད་ལྗོངས།ཞིན་ཅང་སོགས་རྒྱ་གར་དང་ཕ་ཁི་སི་ཐན།འབར་མ་བཅས་དང་ས་མཚམས་འབྲེལ་བའི་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་བརྡ་ཐོ་བཏང་ནས།བྱེ་ཐང་གི་འབུ་ཆ་ག་པའི་གནོད་འཚེ་ལ་དོ་ཁུར་ཆེན་པོ་དང་ལྟ་ཞིབ་ཚད་ལེན་ནན་པོ་བྱེད་པ་དང་། འཕུར་སྐྱོད་བྱེད་སྲིད་པའི་ལམ་བུའི་ཐོག་ལྟ་ཞིབ་ཚད་ལེན་ས་ཚིགས་བཀོད་སྒྲིག་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་བྱེ་ཐང་གི་འབུ་ཆ་ག་པར་ལྟ་ཞིབ་ཚོད་འཛིན་བྱེད་པའི་ལས་དོན་ཏན་ཏིག་ངང་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་གྱིས་འབུ་ཆ་ག་པའི་གནོད་འཚེ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པར་མ་ཟད། ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་གྱི་ལས་རིགས་དོ་དམ་འགན་འཁྲི་ཡག་པོར་འཁུར་དགོས་པའི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག སྐྱེ་དངོས་ཀྱི་གནོད་འཚེ་གཏོགས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་ནས། ས་གནས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་དོ་དམ་ལ་ལྷོད་གཡེང་ཤོར་བའི་རྐྱེན་གྱིས་འབུ་ཆ་ག་པའི་གནོད་འཚེ་ཐོན་རྒྱུ་ནན་འགོག་བྱས་ཏེ།རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་བསྟན་ཡོད།

བརྡ་ཐོའི་ནང་འབུ་ཆ་ག་པའི་གནོད་འཚེ་སྔོན་འགོག་ཚོད་འཛིན་བྱེད་པའི་དངོས་པོའི་སྒྲིག་ཆས་དང་འབྲེལ་ཡོད་ལག་རྩལ་གྱི་ཚན་རིག་ཞིབ་འཇུག་ཐད་ཤུགས་སྣོན་བརྒྱབ་སྟེ།སྔོན་འགོག་ཚོད་འཛིན་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དང་ཇེ་ལེགས་སུ་གཏོང་བ།དེ་དང་ཆབས་ཅིག་སྔོན་ཇུས་ནང་སྦྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་།གལ་སྲིད་གནོད་འཚེའི་གནས་ཚུལ་ཐོན་ཚེ་མྱུར་དུ་དང་ལེན་བྱས་ཏེ་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པ་བསྟན་ཡོད།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།