ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཐེངས་འདིའི་རིམས་ནད་མཆེད་པའི་མཐོ་རླབས་ཡལ་ཟིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ3པའི་ཚེས11ཉིན། ཝུའུ་ཧན་དུ་གསར་བྱུང་ནད་དཔེ8མང་དུ་ཕྱིན་ནས་འགྲིབ་ཚད་གཅིག་གནས་གྲངས་སུ་ཆག་ཡོད། ཧུའུ་པེ་རུ་ཝུའུ་ཧན་ཕུད། ས་ཁུལ་དང་གྲོང་ཁྱེར་ཚང་མར་བསྟུད་མར་གཟའ་འཁོར་གཅིག་རིང་ནད་དཔེ་གསར་བ་ཐོན་མེད་པ་དང་། ཧུའུ་པེ་ཕུད་པའི་ཞིང་ཆེན་གཞན་དུ་གཏན་འཁེལ་བྱས་པའི་ནད་པ7མང་དུ་ཕྱིན་པ་དང་། དེའི་ནང་ནད་པ6ཕྱི་རྒྱལ་ནས་ཡོང་བ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥུང་གིས་བཤད་རྒྱུར། རང་རྒྱལ་གྱི་ཐེངས་འདིའི་རིམས་ནད་མཆེད་པའི་མཐོ་རླབས་ཡལ་ཟིན་པ་དང་། གསར་དུ་འཕར་བའི་ནད་དཔེ་མུ་མཐུད་དུ་མར་ཆག་པ་དང་། སྤྱིའི་ཆ་ནས་རིམས་ནད་ཅུང་དམའ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད།

“རིམས་ནད་ཐོན་ཚུན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཆེས་ནན་ཤོས། ཆེས་མཐར་ཕྱིན་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་དེ་རྒྱལ་ནང་དང་། དེ་བཞིན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་གྱིས་རིམས་འགོག་ཚོད་འཛིན་གྱི་གྲ་སྒྲིག་ཡག་པོ་བྱ་རྒྱུར་རྩ་ཆེའི་དུས་ཚོད་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ། དེ་བཞིན་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བདེ་འཇགས་དང་མི་དམངས་ཀྱི་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། འབྲེལ་ཡོད་རྒྱལ་ཁབ། ས་ཁུལ་བཅས་དང་མཉམ་ལས་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གོ་ལ་ཧྲིལ་པོས་ཐུན་མོང་ཐོག་རིམས་འགོག་བྱ་ཆེད། ཀྲུང་གོའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་སྨན་རྫས་ལྟ་སྐུལ་དོ་དམ་སིའི་སི་ཀྲང་ཡོན་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁ་སང་བར། རྒྱལ་ཁབ་སྨན་བཅོས་ཡོ་བྱད་འཕྲལ་སྡོམ་ཞིབ་མཆན་འགོད་པའི་གོ་རིམ་གཞིར་བཟུང་། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྔ་རྗེས་སུ་གློ་ཚད་ཀྱི་ཞིབ་དཔྱད་ཚད་ལེན་ཚོད་རྫས16ལ་འཕྲལ་སྡོམ་ཞིབ་མཆན་བཀོད་པའི་ནང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་རྫས10དང་དུག་སྲིན་འགོག་རྫས6ཚུད་ཡོད་པ་རེད། དེའི་ནང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚོད་རྫས་ཀྱི་ཉིན་རེའི་ཐོན་ནུས་ཁྲི260ཙམ་ཟིན་པ་དང་། འགོག་གཟུགས་ཞིབ་དཔྱད་ཚད་ལེན་ཚོད་རྫས་ཀྱི་ཉིན་རེའི་ཐོན་ནུས་ཁྲི100ཙམ་ཟིན་ནས། ནད་དུག་ཞིབ་དཔྱད་ཚད་ལེན་ཚོད་རྫས་གསར་པ་མཁོ་འདོན་བྱེད་ནུས་ཆེ་རུ་ཕྱིན་པས། རིམས་འགོག་གི་དགོས་མཁོ་འགན་ལེན་ནུས་ལྡན་ཐུབ་ཡོད་ཅེས་བཤད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།