ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་དམངས་སྲིད་ཁྱབ་ཁོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་གཞི་རྩའི་དམངས་ཚིས་འགན་སྲུང་གི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་དམངས་སྲིད་ཁྱབ་ཁོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་གཞི་རྩའི་དམངས་ཚིས་འགན་སྲུང་གི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ཆེད། དམངས་སྲིད་པུའུ་ཡིས་བྲེ་བྲག་གི་བྱེད་ཐབས་ལྔ་གཏན་འཁེལ་གསལ་བོ་བྱས། གཅིག རིགས་སོ་སོའི་ཁ་གསབ་རོགས་དངུལ་དུས་ལྟར་སྟེར་དགོས་ལ། དེའི་ནང་དུ་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་མ་དངུལ་དང་དབང་བོ་སྐྱོན་ཅན་གྱི་ཁ་གསབ་གཉིས་སོགས་དུས་ཐོག་ཏུ་སྟེར་དགོས་པ་འདུས་ཡོད། གཉིས། མ་མཐའི་འཚོ་བ་འགན་སྲུང་བྱེད་དགོས་པ་རྣམས་ཅིས་ཀྱང་འགན་སྲུང་བྱེད་དགོས་ལ། མ་མཐའི་འཚོ་བའི་འགན་སྲུང་གི་ཆ་རྐྱེན་འཛོམས་པའི་དཀའ་ཁག་ཅན་གྱི་མང་ཚོགས་དུས་ཐོག་ཏུ་དང་ལེན་བྱེད་དགོས། གསུམ། གནས་སྐབས་རྒུད་སྐྱོབ་ཤུགས་ཚད་ཇེ་ཆེར་བཏང་སྟེ། མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་ཧ་ཅང་དཀའ་ཁག་ཆེ་བའི་མི་སྣ། ཡོང་སྒོ་དམའ་བའི་ཁྱིམ་ཚང་། ཚགས་འཛུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང་ཁྲོད་དུ་ཏོག་གསར་གློ་ཚད་རིམས་ནད་བྱུང་མཁན་ཡོད་ན་དུས་ཐོག་ཏུ་གཏན་འཁེལ་ལྟར་གནས་སྐབས་རོགས་སྐྱོར་བྱེད་དགོས། བཞི། ཕྱི་ཡོང་མི་སྣར་མྱུར་སྐྱོབ་དང་རོགས་སྐྱོར་བྱེད་སྐབས་གཙོ་བོ་རྣམ་པ་གཉིས་སྤྱོད་དགོས། གཅིག་ནས་དངོས་བོའི་ཕྱོགས་སུ་རྒུད་སྐྱོབ་བྱེད་དགོས་པ་དང་གཉིས་ནས་མ་དངུལ་ཕྱོགས་སུ་རོགས་སྐྱོར་བྱེད་དགོས། ལྔ། གཞི་རྩའི་ལྟ་སྐྱོང་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།