རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་གཉིས་ཀྱིས་སྔར་ལས་ལྷག་པར་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་རྒྱུའི་བཀོད་སྒྲིག་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་གཉིས་ཀྱིས་ཚེས9ཉིན་བརྙན་ལམ་ཚོགས་འདུ་འཚོགས་ནས་ཧྥུའུ་ཅན་ཆོན་ཀྲོའུ་ཡི“3·7”ས་རྡིབ་པའི་ལས་འཛོལ་གྱི་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ཏེ་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་མཐའ་ཚད་ནན་མོ་སྲུང་བ་བཅས་བྱས་ནས་ལས་འཛོལ་ཚབས་ཆེན་དང་བྱས་རྐྱེན་ཚབས་ཆེན་འབྱུང་བར་བཀག་འགོག་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་བྱས།

 འཕྲལ་སྡོམ་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཚུན་དུ་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་བརླིང་ཡིན་ནའང་ཧྥུའུ་ཅན་ཆོན་ཀྲོའུ་ཡི“3·7”ས་རྡིབ་པའི་ལས་འཛོལ་ལས་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ལྡན་པ་རེད།

འགན་འཁུར་བ་འདིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཐད་ཀྱི་བདེ་འཇགས་བྱ་ཐབས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཁུལ་བགོས་ནས་བདེ་འཇགས་ལྟ་སྐུལ་དོ་དམ་ལག་བསྟར་བྱས་ཏེ་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་ཞེས་ནན་བཤད་བྱས་པ་རེད། རིམས་ནད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱིས་བདེ་འཇགས་འགན་ལེན་བྱས་ཏེ་གཏན་གནས་སྨན་ཁང་དང་། གྲུ་ཤག་སྨན་ཁང་། གཅིག་སྡུད་ལོགས་བཀར་ལྟ་ཞིབ་ས་ཚིགས་སོགས་ཀྱི་མི་སྣའི་དངོས་ཟོག་ཚད་མཐོའི་གཅིག་སྡུད་དང་། ཨར་སྐྲུན་བདེ་འཇགས་དང་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁའི་རིམ་པ་ཆེས་མཐོ་བ། ས་གནས་ཁག་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ་རིམས་ནད་ལོགས་བཀར་ལྟ་ཞིབ་བྱ་ཡུལ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། ཁྲིམས་ལྟར་རང་དགར་ངང་ཨར་སྐྲུན་བྱེད་པ་ལ་རྡུང་རྡེག་ཚ་ནན་གཏོང་བ། ཁང་པའི་གྲུབ་ཆ་གཙོ་བོ་སོགས་ལ་རང་དགར་སྒོས་འགྱུར་ལྡོག་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་སོགས་སྤུས་ཚད་ཐད་ཀྱི་བདེ་འཇགས་ལས་འཛོལ་སྣ་ཚོགས་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། འཕྲལ་སྡོམ་དོ་དམ་དང་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས“གཅིག་གཏད་གཅིག”གི་བདེ་འཇགས་ཞབས་ཞུ་སྤེལ་དགོས།

 འགན་འཁུར་བ་འདིས་གཙོ་གནད་ས་ཁུལ་དང་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱས་ཏེ་ལས་འཛོལ་ཚབས་ཆེན་འབྱུང་བར་འཕྲལ་སྡོམ་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། མིག་སྔར་དཔྱིད་དུས་སུ་སླེབས་པ་ན་ནགས་ཚལ་གྱི་མེ་སྐྱོན་རིམ་པ་ཇེ་མཐོར་གཏོང་བ་དང་། ས་གཤིས་ཀྱི་གནོད་འཚེ་རིམ་བཞིན་ཇེ་མང་དུ་ཕྱིན་པ། ས་ཁུལ་དང་སྡེ་ཁག འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་མཉམ་གྲོས་ཞིབ་འཇུག་ལ་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཐོག་ཏུ་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་དང་གེགས་འགོག་གེགས་སེལ་གྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། རིམ་པ་སོ་སོའི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་ལས་རོགས་སྐྱོབ་དཔུང་ཁག་གིས་རིམས་ནད་ཀྱི་གནས་ཚུལ་འོག་ཉེན་སེལ་རོགས་སྐྱོབ་ཀྱི་སྔོན་ཇུས་དང་། སྟོབས་ཤུགས། སྒྲིག་ཆས་སོགས་འཕྲལ་སྡོམ་གྲ་སྒྲིག་ཁག་ལ་ཤུགས་སྣོན་རྒྱག་པ་དང་། དུས་དང་རྣམ་པ་ཀུན་ཏུ་འཕྲལ་སྡོམ་རྣམ་པ་རྒྱུན་འཁྱོངས་བྱེད་པ། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚན་རིག་དང་མཐུན་ཞིང་བདེ་འཇགས་དང་ཕན་ནུས་ཆེ་བའི་སྒོ་ནས་ཐག་གཅོད་ཐུབ་པར་འགན་ལེན་བྱེད་དགོས། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།