ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་འཐབ་འཛིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློགའཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་དྲུག་ཉིན་པེ་ཅིང་ནས་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་འཐབ་འཛིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན།2020ལོར་ད་ལྟའི་ཚད་གཞིའི་འོག་གི་ཞིང་སྡེའི་དབུལ་བོ་ཚང་མ་དབུལ་ཐར་བྱེད་པ་ནི།ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་བཞག་པའི་དམ་བཅའ་བརྟན་པོ་ཡིན་པས།ངེས་པར་དུ་དུས་ལྟར་མངོན་འགྱུར་བྱ་དགོས།འདི་ནི་འཐབ་འཛིང་དྲག་པོ་ཞིག་ཡིན་པས།ཇི་ལྟར་མཇུག་མཐར་སླེབས་ན་རྣམ་རིག་དེ་ལྟར་སྒྲིམ་དགོས་པ་ལས། མཚམས་འཇོག་མི་རུང་ཞིང་སྣང་ཆུང་བྱ་མི་རུང་ལ།ལྷོད་གཡེང་དུ་གཏོང་མི་རུང་།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས།ཡིད་ཆེས་ཆེར་བསྐྱེད་དང་བརྩོན་སེམས་ཉམས་མེད་ཀྱིས་ཆོད་སེམས་དང་ནུས་ཤུགས་སྔར་ལས་ཆེན་པོས་དབུལ་ཐར་མཁྲེགས་གཏོར་བྱས་ཏེ།ཏོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་མཐའ་གཅིག་ཏུ་སེལ་བ་དང་།དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལ་ཕྱོགས་ཡོངས་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས།ཀྲུང་ཧྭ་མི་རིགས་དང་མིའི་རིགས་ལ་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་བྱ་གཞག་འདི་མཐའ་གཅིག་ཏུ་ཡོངས་འགྲུབ་བཅས་བྱ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད།

བཞུགས་མོལ་ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་གྱི་ལམ་ནས་བསྡུས་ལ།ཞིང་ཆེན་དང་རང་སྐྱོང་ལྗོངས།གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་།དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས།གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་གྲོང་ཁྱེར་དང་རྫོང22ནས་ཡན་ལག་ཚོགས་ར་བཙུགས།ཞིང་ཆེན་དང་རང་སྐྱོང་ལྗོངས།གྲོང་ཁྱེར་སོ་སོས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།ཡུན་ནན་ནུའུ་ཅང་ཁུལ་ཨུའི་ཧྲུའུ་ཅི་ན་ཡུན་ཏི་དང་།ཞིན་ཅང་ཧི་ཐེན་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དབྱང་ཧྥ་སིན།ཧི་ནན་ལན་ཁའོ་རྫོང་ཨུའི་ཧྲུའུ་ཅི་ཚའེ་སུང་ཐའོ།ཀོང་ཞི་ཏ་ཧྭ་རྫོང་ཨུའི་ཧྲུའུ་ཅི་དབྱང་ལུང་ཝུན།ཀོས་ཀྲིག་ཧི་ཀྲང་རྫོང་ཨུའི་ཧྲུའུ་ཅི་ལིའུ་ཅན་ཕིང་བཅས་ཀྱིས་བརྙན་རིས་གྲོས་ཚོགས་ཀྱི་མ་ལག་བརྒྱུད་དེ་སྔ་གཞུག་ཏུ་གཏམ་བཤད།

ཚང་མས་གཏམ་བཤད་པར་ཉན་རྗེས།ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།ཁོང་གིས་ནན་གྱིས་བསྟན་དོན།ཐེངས་འདིའི་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་འཐབ་འཛིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་དབུལ་ཐར་མཁྲེགས་གཏོར་ཕྱོགས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་ཚོགས་འདུ་ཡིན།ཚོགས་འདུའི་ལས་འགན་གཙོ་བོ་ནི།དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་།ཏང་ཡོངས་དང་རྒྱལ་ཡོངས།སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ།སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་རྒྱལ་བར་བྱས་ནས།དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་དུས་ལྟར་འགྲུབ་པར་ཁག་ཐེག་དང་།འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་ཁག་ཐེག་བྱ་རྒྱུ་དེ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་།ཏང་ཡོངས་དང་རྒྱལ་ཡོངས།སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ།རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས།དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་འགྲུབ་ལ་ཉེ་བ་དང་།དབུལ་ཕོངས་མི་གྲངས2012ལོའི་ལོ་མཇུག་གི་མི་བྱེ་བ་དགུ་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་དགུ་ནས2019ལོའི་ལོ་མཇུག་གི་མི་ས་ཡ་ལྔ་དང་འབུམ་ལྔ་ཁྲི་གཅིག་ལ་མར་བབས་པ་དང་།དབུལ་བོར་འགྱུར་ཚད10.2%ནས0.6%ལ་མར་བབས་ཏེ།ཁུལ་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་རྩ་བ་ནས་ཐག་ཆོད་ཡོད།དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོའི་ཆུ་ཚད་ཚད་མཐོན་པོས་འཕར་བ་དང་།རང་བདག་དབུལ་ཐར་གྱི་ནུས་པ་བརྟན་བརླིང་གིས་འཕར་ལ།དབུལ་ཕོངས་མང་ཚོགས་ཀྱི“སེམས་ཁྲལ་མེད་པ་གཉིས”ཀྱི་སྤུས་ཚད་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་།“འགན་སྲུང་གསུམ”གྱི་འབུར་ཐོན་གནད་དོན་ཡོངས་སུ་ཐག་བཅད།དབུལ་ཕོངས་ས་ཁུལ་གྱི་གཞི་རྩའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བ་དང་།མང་ཚོགས་ཀྱི་ཕྱི་རུ་སྐྱོད་དཀའ་བ་དང་།གློག་བཀོལ་དཀའ་བ།སློབ་གྲྭར་འགྲོ་དཀའ་བ།སྨན་བཅོས་བྱེད་དཀའ་བ།བརྡ་འཕྲིན་གོ་དཀའ་བ་སོགས་ཡུན་རིང་ཐག་མ་ཆོད་པའི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཡོངས་ཁྱབ་ཏུ་ཐག་བཅད་ནས།འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས།སྡོད་ཁང་བདེ་འཇགས་བཅས་ལ་འགན་སྲུང་ཐོབ་ཡོད།དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་ཚད་མངོན་གསལ་གྱིས་ཇེ་མགྱོགས་སུ་སོང་བ་དང་།གཞི་རྩའི་སྤྱི་ཐུན་ཞབས་ཞུ་ཉིན་རེ་བཞིན་འཐུས་ཚང་དུ་སོང་ལ།དབུལ་ཕོངས་བཅོས་སྐྱོང་ནུས་པ་མངོན་གསལ་གྱིས་ཇེ་ཆེར་སོང་བ་དང་།གཞི་རིམ་རྩ་འཛུགས་ཀྱི་ཤུགས་ཇེ་ཆེར་སོང་ཞིང་།གཞི་རིམ་ལས་བྱེད་པའི་འཇོན་ཐང་མངོན་གསལ་གྱིས་ཇེ་ཆེར་སོང་ཡོད།ད་ལོར་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་འགྲུབ་རྗེས།རང་རྒྱལ་གྱིས་ལོ10ཡི་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ་གྱི་དབུལ་སེལ་དམིགས་འབེན་མངོན་འགྱུར་བྱས་པ་ཡིན་ལ།འཛམ་གླིང་སྟེང་འདི་འདྲའི་དུས་ཚོད་ཐུང་ངུའི་ནང་འདི་འདྲའི་མི་མང་པོ་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱེད་ཐུབ་པའི་རྒྱལ་ཁབ་གཅིག་ཀྱང་མེད།འདི་ནི་ཀྲུང་གོ་དང་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན།

ཞི་ཅིན་ཕིང་གིས་ང་ཚོས་དབུལ་ཐར་མཁྲེགས་གཏོར་ཁྱབ་ཁོངས་སུ་སྔ་ན་མེད་པའི་གྲུབ་འབྲས་བླངས་པ་ལས།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཁྱད་སྟོབས་མངོན་པར་མཚོན་ཡོད།གྲུབ་འབྲས་འདི་དག་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་དང་སེམས་ཤུགས་གཅིག་ཏུ་བསྡུས་ཡོད་ལ།གྲུབ་འབྲས་འདི་དག་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏན་ཏན་ཏིག་ཏིག་གིས་འབད་པ་བྱས་ཏེ་བླངས་པ་ཡིན་ཞེས་ནན་གྱིས་བསྟན།ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ།དབུལ་ཐར་མཁྲེགས་གཏོར་འཐབ་ས་རུ་ཡོད་པའི་རྒྱ་ཆེའི་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ནི་སེམས་པ་ལྷོད་ལྷོད་ཀྱིས་གདོང་མཆོང་བྱས་པ་ཙམ་གྱིས་རྒྱལ་ཁ་ལེན་ཐུབ་པ་ཞིག་མིན་པས།ངེས་པར་དུ་འཕྲད་པའི་དཀའ་ངལ་དང་འགྲན་རྩོད་ལ་ཧ་ཅང་མཐོང་ཆེན་བྱེད་དགོས།ཤུལ་དུ་ལུས་པའི་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཧ་ཅང་ལྕི་བའི་ཁར།ཏོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་རྩོད་གསར་བ་དང་འཕྲད་ཡོད་པས།དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དཀའ་ངལ་ཧ་ཅང་ཆེ་བ་དང་།དབུལ་ཕོངས་མང་ཚོགས་ཁག་ཅིག་ལ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཀྱིས་མི་འདང་བས།དབུལ་ཐར་མཁྲེགས་གཏོར་བྱ་བར་ཤུགས་སྣོན་དགོས།ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་གི་ཆེས་མཇུག་མཐའི་ལོ་ཡིན་ལ།མཇུག་མཐའི་ལོ་ལ་རིམས་ནད་ཀྱི་གནོད་པ་དང་འཕྲད་པས།བྱ་བ་སོ་སོའི་ལས་འགན་སྔར་ལས་ལྕི་བ་དང་རེ་བ་སྔར་ལས་མཐོ།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བཟང་བོ་བྱས་ཏེ།དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་དུས་ལྟར་འགྲུབ་པར་ཁག་ཐེག་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།“ལྗོངས་གསུམ་ཁུལ་གསུམ”སོགས་ཧ་ཅང་དབུལ་བའི་ས་ཁུལ་མུ་མཐུད་དུ་དམིགས་སུ་བཟུང་ནས།དབུལ་ཐར་མཁྲེགས་གཏོར་ཇུས་གཞི་དོན་འཁྱོལ་བྱེད་པ་དང་།འབུར་ཐོན་གནད་དོན་དང་ཉམས་ཞན་བརྒྱུད་རིམ་ལ་དམིགས་ཏེ་སྲིད་ཇུས་དོན་འཁྱོལ་དམ་དུ་བཟུང་སྟེ།དཀའ་ངལ་མཉམ་སེལ་གྱིས་ལས་འགན་ཡོངས་འགྲུབ་བྱ་དགོས།ཞྭ་མོ་ཕུད་མེད་པའི་དབུལ་ཕོངས་རྫོང52དང་དབུལ་ཕོངས་སྡེ་བ1113ལ་མིང་གདགས་འཐབ་སྐུལ་བྱས་ཏེ།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་གཟབ་ནན་ཤུགས་དྲག་སྒོས“སྐུལ”བ་དང་།ཞིང་ལྗོངས་གྲོང་ཁྱེར་སོ་སོས་སེམས་ཤུགས་གཅིག་སྒྲིལ་གྱིས“འཐབ”ནས།མཇུག་མཐའི་དཀའ་ངལ་མཁྲེགས་པོ་སེལ་དགོས།“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་བསྐྱར་འཕར་མི་འབྱུང་བར་བྱ་དགོས།ངལ་རྩོལ་ནུས་པ་མེད་པའི་དམིགས་བསལ་དབུལ་ཕོངས་མི་གྲངས་ལ་སྤྱི་ཚོགས་འགན་སྲུང་གིས་མས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།སྲུང་འོས་ཡོངས་སྲུང་མངོན་འགྱུར་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།ས་ཁུལ་དང་རིམ་པ་དགར་བའི་གནད་ཕིགས་འགོག་སྡོམ་ཐབས་ཇུས་དོན་འཁྱོལ་བྱས་ཏེ།རིམས་ནད་ཀྱི་གནོད་པ་ཧུར་ཐག་གིས་སེལ་དགོས།རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱིས་གཙོ་བོ་རིམས་ནད་འགོག་སྡོམ་བཟང་བོ་བྱེད་པ་དང་མཉམ་དུ།བྱ་བའི་ཐབས་ཤེས་གསར་སྐྲུན་བྱས་ཏེ།རིམས་ནད་འགོག་སྡོམ་དང་དབུལ་ཐར་མཁྲེགས་གཏོར་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་སྤེལ་ཆོགརིམས་ནད་མེད་པ་དང་རིམས་ནད་ཅུང་ཚབས་ཆུང་བའི་ས་ཁུལ་གྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་མྱུར་དུ་སྤེལ་དགོས།དབུལ་ཕོངས་ངལ་རྩོལ་བའི་ལས་གཉེར་ལས་ཞུགས་ལ་དམིགས་བསལ་གྱིས་རྒྱབ་སྐྱོར་བྱས་ཏེ།ཁེ་ལས་ཀྱི་ལས་ཐོན་སླར་གསོ་དང་།ལས་གཞི་གལ་ཆེན་འགོ་རྩོམ་པ།དངོས་སྐྱེལ་མ་ལག་གི་འཛུགས་སྐྲུན་སོགས་ཐད་ནས་དབུལ་ཕོངས་ངལ་རྩོལ་བ་དམིགས་བཀར་གྱིས་རྩ་འཛུགས་དང་བཀོལ་སྤྱོད་བྱེད་པ་དང་།ཁེ་ལས་ཀྱིས་དབུལ་ཕོངས་ས་ཁུལ་དང་ལྷག་པར་དུ་ཚགས་བཙུགས་བྱང་བསྒྲིགས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་མི་སྣ་སྔར་ལས་མང་བོ་བསྡུ་བཀོལ་བྱེད་པར་སྐུལ་མ་གཏོང་དགོས་ལ།ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བརྒྱུད་དེ“ས་ཆས་ས་ཆར་རོགས་རམ་བྱེད”པའི་ཚུལ་གྱིས་དབུལ་ཕོངས་ངལ་རྩོལ་བ་མྱུར་དུ་གོ་རིམ་ལྡན་པར་ལས་གནས་སྟེང་ལོག་ཏུ་འཇུག་དགོས།རིགས་དགར་ཇུས་བསྟར་གྱིས་རིམས་ནད་མེད་པའི་ས་ཁུལ་ལ་ལས་ཀ་བ་སྐྱེལ་བའི་བྱ་བ་སྒྲུབ་ཤུགས་ཇེ་ཆེར་གཏོང་དགོས།དབུལ་སྐྱོར་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་མ་རྒྱུག་པའི་གནད་དོན་དངོས་སུ་ཐག་བཅད་དེ།ཐོན་འཚོང་སྦྲེལ་མཐུད་ལ་རྩ་འཛུགས་བཟང་བོ་བྱེད་པ་དང་།འཛད་སྤྱོད་དབུལ་སྐྱོར་འགུལ་སྐྱོད་སྤེལ་བ།མཉམ་འབྲེལ་དྲ་བ་བཀོལ་ནས་ཚོང་ལམ་བསྐྱེད་པ་བཅས་བྱས་ནས།ཞིང་ལས་ཐོན་རྫས་བཙོང་དཀའ་བའི་གནད་དོན་ཐབས་ལམ་མང་བོ་ནས་ཐག་གཅོད་དགོས།དབུལ་སྐྱོར་ཐོན་ལས་ཀྱི་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་ནས།ཞིང་ལས་དངོས་རྫས་མཁོ་འདོན་སོགས་རྨོ་འདེབས་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་པ་དང་།ཐོན་ལས་རོགས་སྐྱོར་མ་དངུལ་དང་དབུལ་སྐྱོར་དངུལ་བུན་ཉུང་ངུའི་སྲིད་ཇུས་བཀོལ་སྤྱོད་བཟང་བོ་བྱས་ཏེ། དབུལ་སྐྱོར་ཐོན་ལས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ལ་ཡར་སྐུལ་བྱ་དགོས།དབུལ་སྐྱོར་ལས་གཞི་མྱུར་དུ་བསྐྱར་ཚུགས་བྱས་ཏེ།ཡུལ་གཞན་གནས་སྤོར་གྱི་ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་དང་། སྡོད་ཁང་དང་བཏུང་ཆུའི་བདེ་འཇགས་ཀྱི་མཇུག་བསྡུའི་བཟོ་སྐྲུན་གྱི་ལས་འགན་དག་ལོ་སྟོད་ལ་ཡོངས་འགྲུབ་བྱ་དགོས།རིམས་ནད་ཀྱི་དབང་གིས་དབུལ་བོར་གྱུར་པ་དང་ཡང་བསྐྱར་དབུལ་བོར་གྱུར་པའི་མི་ལ་རོགས་སྐྱོར་བཟང་བོ་བྱས་ཏེ།མས་སྐྱོར་འགན་སྲུང་སོགས་རོགས་སྐྱོར་སྲིད་ཇུས་དུས་ལྟར་དོན་འཁྱོལ་བྱས་ནས།ཁོ་ཚོའི་གཞི་རྩའི་འཚོ་བར་གནོད་པ་མི་ཐེབས་པར་ཁག་ཐེག་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།བྱེད་ཐབས་སྣ་མང་སྤྱད་དེ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཏེ།ལས་ཞུགས་ལ་དབུལ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས།ངལ་རྩོལ་བ་ཕྱིར་མངགས་ས་དང་ནང་དུ་འདྲེན་སའི་གནད་ཕིགས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་།ལས་གནས་གཏན་འཇགས་རྒྱ་བསྐྱེད་གཏོང་བ།དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་གིས་མྱུར་དུ་ལས་ཀ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ།དབུལ་བོར་སྣེ་ཁྲིད་བྱེད་ནུས་ཇེ་ཆེར་གཏོང་བ་དང་།སྤྱི་ཕན་ལས་གནས་བཀོལ་ནས་རང་ས་དང་ཉེ་ས་ནས་ལས་ཀར་ཞུགས་པར་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱ་དགོས།ཐོན་ལས་ལ་དབུལ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས།འདེབས་འཛུགས་ལས་རིགས་ཡུན་རིང་བོར་སྐྱེད་སྲིང་དང་དེའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་གཙིགས་འཛིན་བྱེད་པ་དང་།དབུལ་སྐྱོར་དངུལ་བུན་ཉུང་ངུས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ།གནས་གཞན་དབུལ་སྐྱོར་གནས་སྤོར་ལ་རྗེས་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས།བརྟན་བརླིང་ངང་ཚུགས་ཐུབ་པ་དང་ལས་ཀར་ཞུགས་ཐུབ་པ།རིམ་བཞིན་ཕྱུག་པོར་འགྱུར་ཐུབ་པ་བཅས་ལ་ཁག་ཐེག་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་གཏན་འཇགས་ཡིན་པར་བྱས་ཏེ།དབུལ་ཕོངས་ཀྱི་གྲས་ནས་བུད་པའི་དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བ།དབུལ་ཕོངས་མི་སྣ་བཅས་ལ་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་ཡོངས་སུ་གཏན་འཇགས་ཡིན་པར་བྱས་ཏེ་དུས་ཡུན་ངེས་ཅན་ལ་རོགས་སྐྱོར་བྱ་དགོས།བར་བརྒལ་གྱི་དུས་སུ།ཞྭ་མོ་དོར་རུང་འགན་འཁྲི་མི་འདོར་བ་དང་།ཞྭ་མོ་དོར་རུང་སྲིད་ཇུས་མི་འདོར་བ།ཞྭ་མོ་དོར་རུང་རོགས་སྐྱོར་མི་འདོར་བ།ཞྭ་མ་དོར་རུང་ལྟ་སྐུལ་དོ་དམ་མི་འདོར་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ།གཙོ་བོ་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་མཚམས་མྱུར་དུ་འཇོག་མི་རུང་ལ།སྡེ་སྡོད་བྱ་བའི་རུ་ཁག་ཕྱིར་འཐེན་བྱ་མི་རུང་།ཕྱིར་དབུལ་བོར་འགྱུར་བར་འགོག་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་རྐྱེན་སྲོལ་མྱུར་དུ་བཙུགས་ནས།དབུལ་ཕོངས་ནས་ཡོངས་སུ་ཐར་མེད་པའི་ཁྱིམ་ཚང་དང་དབུལ་ཕྱུག་གི་བར་མཚམས་སུ་གནས་པའི་དབུལ་ཕོངས་སུ་འགྱུར་སླ་བའི་ཁྱིམ་ཚང་།ད་དུང་རིམས་ནད་དང་ཡང་ན་རྒྱུ་རྐྱེན་གཞན་པའི་དབང་གིས་ཡོང་སྒོ་ཆེས་ཆེར་ཇེ་ཉུང་དང་འགྲོ་སོང་ཆེས་ཆེར་ཇེ་མང་དུ་སོང་བའི་ཁྱིམ་ཚང་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ནས།སྔ་མོ་ནས་ཁ་གཏད་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་སྤྱོད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཁྱབ་བཤེར་ལ་དཔྱད་ཞིབ་ནན་མོ་བྱེད་པ་དང་།དབུལ་ཕོངས་ཀྱི་གྲས་ནས་འབུད་པར་ཞིབ་བཤེར་ནན་མོ་བྱས་ཏེ།གྲངས་ཀའི་དབུལ་ཐར་དང་དབུལ་ཐར་རྫུན་མ་གཏན་འགོག་བྱ་དགོས།ལྟ་བཤེར་སྐོར་ཞིབ་བྱས་ཏེ།རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ་དང་།དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་མུ་མཐུད་དུ་དཔྱད་ཞིབ་བྱེད་པ།ས་ཁུལ་སོ་སོའི་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་ཡོངས་སུ་ཞིབ་བཤེར་བྱས་ཏེ།ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་མྱང་ཐུབ་པར་ཁག་ཐེག་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།དབུལ་ཐར་ཞྭ་དོར་བྱས་ན་རྫོགས་ཚིག་བཀོད་པ་མིན་པར།འཚོ་བ་གསར་བ་དང་འབད་འཐབ་གསར་བའི་དབུ་ཁྱུད་བྲིས་པ་ཡིན་པས།ཕྱོགས་ཡོངས་དབུལ་ཐར་དང་ཞང་སྡེ་དར་སྤེལ་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པར་མུ་མཐུད་སྐུལ་སྤེལ་བྱེད་པ་དང་།དབུལ་སེལ་འཐབ་ཇུས་དང་བྱ་བའི་མ་ལག་གི་བརྟན་བརླིང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ།དེ་གཉིས་གཅིག་གྱུར་གྱིས་ཞང་སྡེ་དར་རྒྱས་འཐབ་ཇུས་ཁྲོད་འཇོག་པ་བཅས་བྱས་ཏེ།རིང་ཐུང་ཟུང་སྦྲེལ་དང་རྩ་ལག་མཉམ་བཅོས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་དགོས།སྤྱིའི་ཆ་ནས་དར་རྒྱས་མིན་པའི་ས་ཁུལ་དང་ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་ཀྱི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་བསྐྱེད་པར་ཕན་ཐོགས་པ་དང་།གནད་ཕིགས་རོགས་སྐྱོར་ལག་བསྟར་བྱེད་པར་ཕན་ཐོགས་ནས།ཐུན་མོང་འབྱོར་ཕྱུག་རིམ་བཞིན་མངོན་འགྱུར་བྱེད་པར་ཡར་སྐུལ་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།དབུལ་ཐར་མཁྲེགས་གཏོར་ཇི་ལྟར་མཇུག་ཏུ་ཐོན་ན་ཏང་གི་འགོ་ཁྲིད་ལ་དེ་ལྟར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པས།རིམ་པ་སོ་སོའི་ཏང་ཨུས་ངེས་པར་དུ་རང་འགན་ནན་སྒྲུབ་བྱེད་པ་དང་འགན་འཁྲི་ལ་ངོ་མི་གནོང་བར་བྱ་དགོས།ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་གྱི་གཞི་ཁྱོན་མུ་མཐུད་དུ་ཇེ་ཆེར་གཏོང་དགོས་པ་དང་།རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཀྱང་དབུལ་ཐར་མཁྲེགས་གཏོར་གྱི་མ་དངུལ་གྱི་དགོས་མཁོར་ཁག་ཐེག་བྱ་དགོས།ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ཁུ་སྡུད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།དབུལ་སྐྱོར་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས།མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་ཇེ་མཐོར་གཏོང་དགོས།གཏན་འཇགས་དབུལ་ཐར་མངོན་འགྱུར་བྱས་པའི་ས་གནས་ནས།ས་ཆ་སོ་སོས་ཆེད་སྤྱོད་དབུལ་ཐར་མ་དངུལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ།དབུལ་ཕོངས་མིན་པའི་རྫོང་དང་དབུལ་ཕོངས་མིན་པའི་སྡེ་བའི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བར་རྒྱབ་སྐྱོར་བྱ་དགོས།ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཀྲུང་དབྱང་ལས་ཁུངས་ཀྱི་གནས་གཏན་ཁེལ་གྱི་དབུལ་སྐྱོར་ཟབ་སྤེལ་བྱས་ཏེ།དབུས་ནུབ་རྒྱུད་ས་ཁུལ་ནས་རིམས་ནད་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་གནོད་པ་ཐེབས་ཚད་ཇེ་དམའ་རུ་གཏོང་རོགས་བྱ་དགོས།རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་ལ་རྐང་བཙུགས་ནས།ས་ཁོངས་མཉམ་ལས་ཟབ་སྤེལ་བྱེད་པ་དང་།ཤར་རྒྱུད་ཀྱི་ཐོན་ལས་ནུབ་རྒྱུད་དུ་རིམ་བཞིན་སྤོར་བར་སྐུལ་སྤེལ་བྱས་ཏེ།ཐོན་ལས་གསབ་རེས་དང་མི་སྣ་འགྲོ་འོང་།ལག་རྩལ་སློབ་རེས།བསམ་བློ་བརྗེ་རེས།སྤྱོད་ཚུལ་སྦྱོང་རེས་བཅས་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།དབུལ་ཐར་ཁྱབ་ཁོངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་།གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ།བྱ་བ་དང་འཚོ་བ།བདེ་འཇགས་སོགས་ཕྱོགས་སོ་སོར་འགན་སྲུང་བཟང་བོ་བྱས་ཏེ།གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པ་རྣམས་བློ་རྩེ་གཅིག་སྒྲིམ་གྱིས་རིམས་ནད་འགོག་སྡོམ་དང་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་ཞུགས་སུ་འཇུག་དགོས།དབུལ་ཐར་མཁྲེགས་གཏོར་ལས་བྱེད་པའི་གསོ་སྦྱོང་ལ་ཤུགས་བསྣན་ནས།གསར་དུ་བདམས་མངགས་བྱས་པའི་སྡེ་སྡོད་ལས་བྱེད་པ་དང་གསར་དུ་བསྐོས་པའི་ཞང་སྡེའི་ལས་བྱེད་པ་ཚང་མར་རེས་སྐོར་སྦྱོང་བརྡར་ཐེངས་གཅིག་བྱེད་པར་ཁག་ཐེག་བྱས་ཏེ།གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་མཛད་སྐབས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་།དབུལ་ཐར་མཁྲེགས་གཏོར་ཐད་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་མཛད་དེ།ཏང་གིས་དབུལ་ཐར་མཁྲེགས་གཏོར་ལ་འགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་སྤུས་ཚད་མཐོན་པས་ཡོངས་འགྲུབ་བྱེད་པར་བླང་བྱ་གསལ་བོ་བཏོན་པ་དེར་མཛུབ་སྟོན་རང་བཞིན་དང་ཁ་གཏད་རང་བཞིན་དྲག་པོ་ལྡན་ལ།དེས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་སོང་།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་རྒྱུས་ལོན་ནན་མོ་བྱེད་པ་དང་།དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་འཐབ་འཛིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་གལ་ཆེན་རང་བཞིན་དང་དཀའ་ཚེགས་རང་བཞིན།དགོས་གཏུག་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ།ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་བྱ་བའི་བླང་བྱར་དཔེ་ལྟོས་ཀྱིས་ད་ལོའི་བྱ་བའི་ལས་འགན་ལ་ཡོངས་སུ་ཞིབ་བཤེར་དང་ལེགས་སྒྲིག་བྱེད་པ་དང་།ཏོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་སེལ་བ།དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས།མཇུག་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ།ལས་ཡུན་ཐུར་འདེད་དང་ཤུགས་དྲག་སྐུལ་སྤེལ་གྱིས་རིམ་པ་བཞིན་དུ་འགན་འཁྲི་ནན་དཀྲི་བྱེད་པ་དང་།རིམ་པ་བཞིན་དུ་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ།དོན་དངོས་དང་སྦྲེལ་ནས་གསར་གཏོད་རང་བཞིན་གྱིས་བྱ་བ་སྒྲུབ་པ་བཅས་བྱས་ཏེ།དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དུས་ལྟར་དང་སྤུས་ཚད་མཐོན་པོས་འགྲུབ་པར་ཁག་ཐེག་བྱས་ནས།ཏང་དང་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ལན་སྤྲོད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཁ་ཤས་བཞུགས་མོལ་ཚོགས་འདུར་ཞུགས།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།