ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་གཏོར་ཚོགས་འདུའི་ཐོག་གསུང་བཤད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཀྱིས་དབུལ་སྒྲོལ་འགག་གཏོར་ལ་སྒོ་ཀུན་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་སྟོན་གནང་བ་དང་། ཝང་དབྱང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤྱི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས། སྤྱི་ལོ2020ལོར། ད་ཡོད་ཀྱི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་ཁས་ལེན་ཞུས་པའི་དམ་བཅའ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་དུས་བཀག་ལྟར་མངོན་འགྱུར་ཐུབ་པ་བྱེད་དགོས།  འདི་ནི་འགག་གཏོར་དམག་འཐབ་ཅིག་ཡིན་པས་ག་ཚོད་ཀྱིས་མཇུག་ཏུ་སླེབས་ན་དེ་ཙམ་གྱིས་ལྷོད་གཡེང་མི་ཤོར་བ་དང་མཚམས་འཇོག་རྒྱུ་མེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བརྟན་པོ་ངེས་པ། ཆོད་སེམས་བརྟན་དུ་གཏོང་བ། དཀའ་སྤྱད་འབད་འཐབ་བཅས་བྱེད་པ་དང་། བློ་ཐག་དེ་བས་ཆོད་པ་དང་ཤུགས་དྲག་དེ་བས་ཆེ་བའི་ཐོག་ནས་དབུལ་སྒྲོལ་འགག་གཏོར་ལ་སྐུལ་འདེད་བཏང་སྟེ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་སྒོ་ཀུན་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཀྲུང་ཧྭ་མི་རིགས་དང་། མིའི་རིགས་ལ་དོན་སྙིང་ཤུགས་ཆེན་ལྡན་པའི་རླབས་ཆེའི་བྱ་གཞག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་ཀྱི་ནན་སྟོན་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་རེད།

བཞུགས་མོལ་ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། དེ་བཞིན་དབུས་ནུབ་རྒྱུད་ཀྱི་ཞིང་ལྗོངས22ཀྱི་ཁོངས་གཏོགས་གྲོང་ཁྱེར་དང་རྫོང་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ལྗོངས་དང་གྲོང་ཁྱེར་ཁག་གིས་ཡིག་ཐོག་གཏམ་བཤད་མཁོ་འདོན་མཛད་ཡོད། ཡུན་ནན་ནུའུ་ཅང་ཁུལ་ཨུད་ཀྱི་ཧྲུའུ་ཅི་ནཱ་ཡུན་དེ་དང་། ཤིན་ཅང་ཧོ་ཐན་ས་ཨུད་ཀྱི་ཧྲུའུ་ཅི་ཡང་ཧྥ་སེན། ཧོ་ནན་ལན་ཁའོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་སུང་ཐའོ། ཀོང་ཤིའི་ཏཱ་ཧྭ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡང་ལུང་ཝུན།  ཀུའེ་ཀྲའུ་ཧོ་ཀྲང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལེའུ་ཅན་ཕིང་བཅས་ཀྱིས་བརྙན་མཐོང་གྲོས་ཚོགས་བརྒྱུད་སྔ་རྗེས་སུ་གཏམ་བཤད་གནང་ཡོད་པ་རེད།  

ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས།  ཐེངས་འདིའི་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་བཞུགས་མོལ་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། དབུལ་སྒྲོལ་འགག་གཏོར་ཐད་ཀྱི་ཚོགས་འདུ་རྒྱ་ཆེ་ཤོས་དེ་ཡིན། ཚོགས་འདུའི་ལས་འགན་གཙོ་བོ་ནི་མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་སྟོབས་ཤུགས་སྐུལ་སློང་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་མངོན་འགྱུར་དང་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པར་འགན་ལེན་བྱ་རྒྱུ་དེ་རེད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག་དང་། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་ཐུན་མོང་འབད་བརྩོན་འོག རང་རྒྱལ་གྱི་དབུལ་སྒྲོལ་འགག་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དབུལ་སྒྲོག་འགག་གཏོར་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཐུབ་མཚམས་སུ་སླེབས་ཤིང་། དབུལ་ཕོངས་མི་འབོར་སྤྱི་ལོ2012ལོའི་ལོ་མཇུག་གི་མི་བྱེ་བ་དགུ་དང་ས་ཡ་བརྒྱད་དང་དགུ་འབུམ་དགུ་ཁྲི་ནས་སྤྱི་ལོ2019ལོའི་ལོ་མཇུག་གི་མི་ས་ཡ་ལྔ་དང་ལྔ་འབུམ་ཆིག་ཁྲི་བར་ཉུང་དུ་སོང་བ་དང་། དབུལ་པོར་འགྱུར་ཚད10.2%ནས0.6% བར་ཆག་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་ཤུགས་ཆེན་སོང་བ་དང་། རང་ཉིད་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པའི་ནུས་པ་རིམ་གྱིས་ཆེ་རུ་སོང་བ། དབུལ་ཕོངས་མང་ཚོགས་ཀྱི་སེམས་ཁྲལ་མེད་པ་གཉིས་ཀྱི་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་སོང་བ། འགན་ལེན་གསུམ་གྱི་འབུར་ཐོན་གནད་དོན་སྤྱིའི་ཆ་ནས་ཐག་གཅོད་ཐུབ་ཡོད། དབུལ་ཕོངས་ས་ཁུལ་གྱི་གཞི་རྩའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་དང་། མང་ཚོགས་ཀྱི་ཕྱོགས་ལ་ཐོན་དཀའ་བ་དང་། གློག་དཀོན་པ། སློབ་གྲྭར་འགྲོ་ཁག་པ། ནད་གཞི་བལྟ་དཀའ་བ། འཕྲིན་གཏོང་དཀའ་བ་སོགས་ཡུན་རིང་ཐག་གཅོད་མི་ཐུབ་པའི་གནད་དོན་རྙིང་པ་སྤྱིའི་ཆ་ནས་ཐག་གཅོད་ཐུབ་པ་དང་། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་བྱུང་ཡོད།དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་མངོན་གསལ་དོད་པོས་མགྱོགས་སུ་སོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ། དབུལ་ཕོངས་བཅོས་སྐྱོང་ནུས་པ་མངོན་གསལ་གྱིས་ཆེ་རུ་སོང་བ། གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་བྱུང་བ། གཞི་རིམ་ལས་བྱེད་པའི་འཇོན་ཐང་མངོན་གསལ་གྱིས་ཆེ་རུ་སོང་ཡོད། ད་ལོའི་དབུལ་སྒྲོལ་འགག་གཏོར་ལས་འགན་ལེགས་འགྲུབ་བྱུང་རྗེས། རང་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་གྱི་དབུལ་ཕོངས་ཉུང་གཏོང་དམིགས་ཚད་ལོ10སྔ་སྣུར་དུ་མངོན་འགྱུར་ཐུབ་པས། འཛམ་གླིང་ཐོག་རྒྱལ་ཁབ་སུ་ཞིག་གིས་ཀྱང་དུས་ཚོད་ཐུང་ཐུང་དེ་འདྲའི་ནང་མི་འབོར་མང་པོ་དེ་འདྲ་དབུལ་སྒྲོལ་ཐུབ་པ་བྱུང་མེད། དེས་ཀྲུང་གོ་དང་འཛམ་གླིང་གཉིས་ཀར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ང་ཚོར་དབུལ་སྒྲོལ་འགག་གཏོར་ཁྱབ་ཁོངས་སུ་སྔར་བྱུང་མ་མྱོང་བའི་གྲུབ་འབྲས་ཐོབ་ཡོད། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་བཟང་ཆ་མངོན་ཡོད། གྲུབ་འབྲས་དེ་དག་ནང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་རིག་དང་སེམས་ནུས་འདུས་ཡོད་ལ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཏན་ཏན་ཏིག་ཏིག་གིས་བསྒྲུབས་པ་ཞིག་ཀྱང་རེད་ཅེས་ནན་སྟོན་གནང་བ་དང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྐུ་ཚབ་ཞུས་ནས་རྒྱ་ཆེའི་དབུལ་སྒྲོལ་འགག་གཏོར་གྱི་འཐབ་ས་མདུན་མར་ཞུགས་པའི་བློ་མཐུན་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་གནང་ཡོད།

ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་གཏོར་དམག་འཐབ་ནི་རྒྱལ་ཁ་ལེན་ཆོག་ཆོག་གི་དམག་འཐབ་ཅིག་མིན་པས་ངེས་པར་དུ་དཀའ་ངལ་དང་འགྲན་རྩོད་དེ་དག་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། དབུལ་སྒྲོལ་འགག་གཏོར་གྱི་ལས་འགན་ལྷག་མ་རྣམས་དཀའ་ཚེགས་ཆེ་བ་དང་། ཏོག་གསར་གློ་ཚད་རིམས་ནད་ལས་འགྲན་རྩོད་གསར་པ་ཐོན་པ། དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་གཏོང་བའི་དཀའ་ཚེགས་ཆེ་བ།  དབུལ་ཕོངས་མང་ཚོགས་ཁག་གཅིག་ལ་གོང་འཕེལ་གྱི་ནང་སྐྱེའི་སྒུལ་ཤུགས་མི་འདང་བ།  དབུལ་སྒྲོལ་འགག་གཏོར་ལས་དོན་ལ་ད་དུང་ཤུགས་སྣོན་རྒྱག་དགོས།  ད་ལོ་ནི་དབུལ་སྒྲོལ་འགག་གཏོར་གྱི་ལོ་མཇུག་ཤོས་དེ་རེད། མཇུག་བསྡུའི་ལོ་དེར་རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོ་ཕོག་ཡོད། ལས་དོན་དང་ལས་འགན་ཁག་དེ་བས་དཀའ་ཚེགས་ཆེ་རུ་སོང་བ་དང་། རེ་བ་ཡང་དེ་བས་མཐོ་རུ་སོང་ཡོད ས་གནས་ཁག་དང་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱས་ནས་དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་མངོན་འགྱུར་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ལྗོངས་གསུམ་དང་ཁུལ་གསུམ་སོགས་དབུལ་ཕོངས་ཚབས་ཆེའི་ཁུལ་དུ་གཅིག་སྡུད་ཀྱིས་དབུལ་སྒྲོལ་འགག་གཏོར་ཇུས་གཞི་དོན་འཁྱོལ་དང་། འབུར་ཐོན་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་གཞིགས་ནས་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ཏེ་འགག་གཏོར་དཀའ་སེལ་ལས་འགན་ལེགས་འགྲུབ་ཐུབ་པ་བྱེད་དགོས། དབུལ་ཞྭ་འབུད་འཕྲོར་ལུས་པའི་རྫོང་ཁག52དང་། དབུལ་ཕོངས་གྲོང་ཚོ1113ལ་བཅའ་སྡོད་ལྟ་སྐུལ་བྱེད་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གིས་ལྟ་སྐུལ་དང་།  ཞིང་ལྗོངས་དང་གྲོང་ཁྱེར་ཁག་གིས་སེམས་ནུས་ཡོད་རྒུས་འགག་གཏོར་དམག་འཐབ་བརྒྱབ་སྟེ་ཆེས་མཐའ་མཇུག་གི་བཙན་རྫོང་དེ་གཏོར་དགོས། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་གྲུབ་འབྲས་སྲ་བརྟན་བཏང་ནས་དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་དགོས།  ངལ་རྩོལ་ནུས་ཤུགས་མེད་པའི་དམིགས་བསལ་དབུལ་ཕོངས་མི་འབོར་ལ་སྤྱི་ཚོགས་འགན་སྲུང་གི་མཐིལ་རྟོགས་སྲིད་ཇུས་ལག་ལེན་བསྟར་ནས་ཁོང་ཚོའི་འཚོ་བར་འགན་སྲུང་བྱེད་གང་ཐུབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།  

ཞི་ཅིན་ཕིང་གིས། ཁུལ་དབྱེ་རིམ་དབྱེའི་གནད་འཕིགས་སྔོན་འགོག་ཚོད་འཛིན་ཐབས་ཇུས་དོན་འཁྱོལ་བྱེད་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱེད་དགོས། རིམས་ནད་ཚབས་ཆེ་བའི་ས་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་གཏོར་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་དགོས། རིམས་ནད་མེད་པའམ་ཡང་ན་རིམས་ནད་ཅུང་ཚབས་ཆུང་བའི་ས་ཁུལ་གྱིས་རིག་པ་གཅིག་སྒྲིམ་ངང་དབུལ་སྒྲོལ་འགག་གཏོར་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། དབུལ་ཕོངས་ངལ་ནུས་དང་ལས་མིའི་ལས་ཞུགས་ལ་སྔོན་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། རྣམ་གྲངས་གཙོ་བོ་ལས་འགོ་འཛུགས་པ། ཟོག་འདྲེན་མ་ལག་འཛུགས་སྐྱོང་སོགས་ཀྱི་ཐད་སྔོན་ལ་དབུལ་ཕོངས་ངལ་ནུས་སྒྲིག་འཛུགས་དང་བེད་སྤྱོད་བྱེད་པ་དང་། ཁེ་ལས་ཀྱིས་དབུལ་ཕོངས་ས་ཁུལ་དང་ལྷག་པར་དུ་ཡིག་ཚགས་དང་གཱ་ཤོག་བཟོས་པའི་ཁྱིམ་ཚང་གི་མི་སྣ་སྔར་ལས་མང་བ་སྐོང་བསྡུ་བྱ་རྒྱུར་སྐུལ་མ་གཏོང་བ་དང་། ཤར་ནུབ་དབུལ་སྐྱོར་རོགས་ལས་བྱེད་པ་བརྒྱུད་དབུལ་ཕོངས་ངལ་ནུས་གང་མགྱོགས་གོ་རིམ་ལྡན་པའི་ལས་གནས་ཐོག་ལོག་རྒྱུར་རོགས་རམ་བྱེད་དགོས། རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་། རིམས་ནད་མེད་པའི་ས་ཁུལ་གྱིས་གླ་པ་སྐྱེལ་བསུའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། དབུལ་སྐྱོར་གྱི་ཞིང་ཕྱུགས་ཐོན་རྫས་བྲིན་འཚོང་མི་ཐུབ་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། ཐོན་སྐྱེད་དང་བྲིན་འཚོང་སྦྲེལ་མཐུད་ཡག་པོ་བྱེད་པ། འཛད་སྤྱོད་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་བ། དྲ་སྦྲེལ་བརྒྱུད་བྲིན་འཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་ཞིང་ལས་ཐོན་རྫས་འཚོང་ཁག་པའི་གནད་དོན་ཐག་གཅོད་བྱེད་དགོས། དབུལ་སྐྱོར་ཐོན་ལས་ཀྱི་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་དང་། ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་སོགས་དཔྱིད་རྨོས་དཔྱིད་འདེབས་ལས་དོན་ཡག་པོ་སྒྲུབ་པ། ཐོན་ལས་རོགས་སྐྱོར་མ་དངུལ་དང་དབུལ་སྐྱོར་གྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ། དབུལ་སྐྱོར་ཐོན་ལས་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དབུལ་སྐྱོར་རྣམ་གྲངས་ལས་འགོ་འཛུགས་པ་དང་ལས་ཀ་བསྐྱར་གསོ་བྱེད་མགྱོགས་སུ་གཏོང་བ་དང་། ས་ཆ་གཞན་ལ་གནས་སྤོ་བྱེད་པའི་ཆ་སྦྱོར་སྒྲིག་བཀོད་འཛུགས་སྐྲུན་དང་། སྡོད་ཁང་དང་འཐུང་ཆུའི་བདེ་འཇགས་ཀྱི་མཇུག་འགྲིལ་ལས་གྲྭའི་ལས་འགན་ལོ་སྟོད་དུ་ལེགས་འགྲུབ་ཟིན་པ་བྱེད་དགོས། རིམས་ནད་དབང་གིས་དབུལ་པོར་འགྱུར་བ་དང་དབུལ་ལོག་ཐེབས་པའི་མི་སྣའི་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་པ་དང་། དུས་ཐོག་ཏུ་མ་མཐའི་འགན་ལེན་སོགས་ཀྱི་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ། ཁོང་ཚོའི་གཞི་རྩའི་འཚོ་བར་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་དང་།

ཞི་ཅིན་ཕིང་གིས། ཐབས་མང་མཉམ་སྤྱོད་ཀྱིས་གྲུབ་འབྲས་སྲ་བརྟན་གཏོང་བ་དང་། ལས་ཞུགས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ངལ་ནུས་ཕྱིར་གཏོང་བྱེད་ཡུལ་དང་ནང་དུ་འཛུལ་སའི་ས་ཆས་གནད་འཕིགས་སྦྲེལ་མཐུད་དང་། ལས་གནས་བརྟན་པོ་དང་ལས་གནས་རྒྱ་ཆེར་གཏོང་བ། དབུལ་སྐྱོར་གྱི་སྣེ་ཁྲིད་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་གང་མགྱོགས་ལས་ཀ་བསྐྱར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། དབུལ་ཕོངས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་མཐོ་རུ་གཏོང་བ། སྤྱི་ཕན་ལས་གནས་སྤྱད་དེ་ཉེ་སར་ལས་ཞུགས་བྱ་རྒྱུའི་གོ་སྐབས་སྤྲོད་དགོས། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུན་རིང་སྦྱོང་བརྡར་ལ་སྣང་ཆེན་དང་འདེབས་གསོའི་ལས་རིགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ། དབུལ་སྐྱོར་གྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་མུ་མཐུད་རྒྱུན་འཁྱོངས་བྱེད་པ། ས་ཆ་གཞན་ལ་དབུལ་སྐྱོར་གནས་སྤོ་བྱས་རྗེས་མུ་མཐུད་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བརྟན་པོ་ཡོང་བ་དང་། ལས་ཞུགས་ཡོད་པ། རིམ་བཞིན་ཕྱུག་འགྱུར་ཐུབ་པ་བཅས་ལ་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་གཏོར་སྲིད་ཇུས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དབུལ་ཕོངས་རྫོང་དང་། དབུལ་ཕོངས་གྲོང་ཚོ། དབུལ་ཕོངས་མི་འབོར་དབུལ་ཞྭ་ཕུད་ཟིན་པ་རྣམས་ལ་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཡོངས་བརྟན་པོ་ཡོང་བ་དང་རོགས་སྐྱོར་བྱེད་དགོས། བར་བརྒལ་དུས་མཚམས་རིང་། དབུལ་ཞྭ་ཕུད་རུང་འགན་འཁྲི་མི་དོར་བ་དང་། དབུལ་ཞྭ་ཕུད་རུང་སྲིད་ཇུས་མི་དོར་བ། དབུལ་ཞྭ་ཕུད་རུང་རོགས་སྐྱོར་མི་དོར་བ། དབུལ་ཞྭ་ཕུད་རུང་ལྟ་སྐུལ་དོ་དམ་མི་དོར་བ་བཅས་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། སྲིད་ཇུས་བྱ་ཐབས་གློ་བུར་དུ་མཚམས་འཇོག་བྱེད་མི་རུང་ལ་གྲོང་སྡོད་ལས་དོན་རུ་ཁག་ཕྱིར་འཐེན་བྱེད་མི་རུང་། དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སྒྲིག་གཞི་འཛུགས་དགོས་པ་དང་། དབུལ་སྐྱོར་བརྟན་པོ་མེད་པའི་ཁྱིམ་ཚང་དང་ཐག་རིང་གི་དབུལ་པོར་འགྱུར་སླ་བའི་ཁྱིམ་ཚང་། དེ་བཞིན་རིམས་ནད་དམ་ཡང་ན་རྒྱུ་རྐྱེན་གཞན་དག་དབང་གིས་ཡོང་འབབ་གློ་བུར་དུ་ཆག་པའམ་ཡང་ན་གློ་བུར་དུ་གཏོང་སྒོ་འཕར་བའི་ཁྱིམ་ཚང་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔ་སྣུར་དུ་དམིགས་སའི་རང་བཞིན་ཡོད་པའི་རོགས་སྐྱོར་བྱ་ཐབས་བཟུང་དགོས་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཞིབ་དཔྱད་ནན་པོ་དང་ཡོངས་ཁྱབ་ཞིབ་བཤེར་བྱེད་དགོས་པ་དང་། ཕྱིར་འཐེན་འགག་སྒོ་དམ་བཟུང་བྱེད་པ། གྲངས་གཞིའི་དབུལ་སྒྲོལ་དང་དབུལ་སྒྲོལ་རྫུན་མ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ལྟ་ཞིབ་སྐོར་ཞིབ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མུ་མཐུད་དབུལ་སྒྲོལ་འགག་གཏོར་གྱི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པ། ས་གནས་ཁག་གི་དབུལ་སྒྲོལ་འགག་གཏོར་གྱི་ཕན་འབྲས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དབུལ་སྒྲོལ་གྱི་དབུལ་ཞྭ་འབུད་པ་ནི་མཐར་ཐུག་གི་དམིགས་ཡུལ་མིན་པར་དེ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཡིན། མུ་མཐུད་ཁྱོན་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། དབུལ་ཕོངས་ཉུང་གཏོང་ཐབས་ཇུས་དང་ལས་དོན་མ་ལག་བརྗེ་སྒྱུར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ཐབས་ཇུས་གཅིག་གྱུར་ཁྱབ་ཁོངས་ནང་འཇུག་པ། གནས་སྐབས་དང་ཡུན་རིང་ཟུང་སྦྲེལ་དང་། རྩ་ལག་མཉམ་བཅོས་ཀྱི་སྒྲིག་གཞི་འཛུགས་དགོས།  སྤྱི་ཡོངས་ནས་བཤད་ན་དར་རྒྱས་བྱུང་མེད་པའི་ས་ཁུལ་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་སྣའི་གོང་འཕེལ་གྱི་ནང་སྐྱེའི་སྒུལ་ཤུགས་འདོན་སྤེལ་ལ་ཕན་ཐོགས་ཡོད་པ་དང་། གནད་འཕིགས་རོགས་སྐྱོར་ལག་བསྟར་བྱ་རྒྱུར་ཕན་ཐོགས་ཡོད་པ་བྱས་ཏེ། རིམ་བཞིན་མཉམ་དུ་འབྱོར་ཕྱུག་ལྡན་པར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་གཏོར་དེ་ཇི་ཙམ་གྱི་མཐའ་མཇུག་ཏུ་སླེབས་ན་དེ་ཙམ་གྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་རང་འགན་ཡག་པོ་འཁུར་བ་དང་ལས་འགན་ལ་ངོ་མི་གནོང་བ་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ནས་ཆེད་དོན་དབུལ་སྐྱོར་མ་དངུལ་གྱི་འབོར་གྲངས་མུ་མཐུད་མང་དུ་གཏོང་བ་དང་། རིམ་ཁག་ནོར་སྲིད་ནས་ཀྱང་དབུལ་སྒྲོལ་འགག་གཏོར་གྱི་མ་དངུལ་དགོས་མཁོ་འགན་སྲུང་བྱེད་དགོས། ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་ཟླ་སྒྲིལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དབུལ་སྐྱོར་མ་དངུལ་ལ་ལྟ་སྐུལ་དོ་དམ་ཤུགས་ཆེར་གཏོང་བ། མ་དངུལ་བེད་སྤྱོད་ཀྱི་ལས་ཆོད་དང་ཕན་འབྲས་མཐོ་རུ་གཏོང་དགོས། བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པའི་ས་ཆར་ས་གནས་ཁག་གིས་ཆེད་དོན་དབུལ་སྐྱོར་མ་དངུལ་གཅིག་གྱུར་ངང་བཀོད་སྒྲིག་བྱེད་པ་དང་། དབུལ་ཕོངས་རྫོང་དང་དབུལ་ཕོངས་གྲོང་ཚོའི་ཁོངས་གཏོགས་མིན་པའི་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཤར་ནུབ་དབུལ་སྐྱོར་རོགས་ལས་ཟབ་ཏུ་གཏོང་བ་དང་ཀྲུང་དབྱང་ཚན་པས་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱས་ཏེ་དབུས་ནུབ་ས་ཁུལ་དུ་རིམས་ནད་དབང་གིས་དབུལ་སྒྲོལ་འགག་གཏོར་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་འགྲོ་རྒྱུར་རོགས་རམ་བྱེད་དགོས། རྒྱལ་ཁབ་ཀྱི་ས་ཁོངས་གོང་འཕེལ་གྱི་སྤྱིའི་འཐབ་ཇུས་ལ་གཞིགས་ཏེ། ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཤར་རྒྱུད་ཀྱི་ཐོན་ལས་དེ་ནུབ་རྒྱུད་དུ་རིམ་པ་བཞིན་སྤོ་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་གསབ་རེས་དང་། མི་སྣའི་མཉམ་འགུལ། ལག་རྩལ་མཉམ་སྦྱོང་། ལྟ་བ་གཅིག་མཐུན། སྤྱོད་ཚུལ་ཐད་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་དུ་གོང་འཕེལ་བཅས་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། དབུལ་སྐྱོར་ཁྱབ་ཁོངས་ནང་གི་སྤྱོད་ཚུལ་འཛུགས་སྐྱོང་ཤུགས་ཆེར་གཏོང་བ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ལས་དོན་དང་འཚོ་བ། བདེ་འཇགས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་འགན་སྲུང་ཡག་པོ་བྱས་ནས་གཞི་རིམ་དབུལ་སྐྱོར་ལས་བྱེད་པ་རྣམས་བློ་བཟོད་བདེ་པོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་གཏོར་ལས་དོན་ནང་ཞུགས་ཐུབ་པ་བྱེད་དགོས། དབུལ་སྒྲོལ་འགག་གཏོར་གྱི་ལས་བྱེད་པར་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་གསར་དུ་འདེམས་གཏོང་བྱས་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་། གསར་ཏུ་བསྐོ་བཞག་བྱས་པའི་ཤང་དང་གྲོང་ཚོའི་ལས་བྱེད་པ་རྣམས་རེས་མོས་ངང་སྦྱོང་བརྡར་ཐེངས་གཅིག་ཡོང་རྒྱུར་འགན་ལེན་གྱིས་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་ནུས་པ་ཆེ་རུ་གཏོང་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཝང་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ནང་། དབུལ་སྒྲོལ་འགག་གཏོར་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་དང་དབུལ་སྒྲོལ་འགག་གཏོར་མདུན་དུ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ཡོད་པས་ཏང་གིས་དབུལ་སྒྲོལ་འགག་གཏོར་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱ་རྒྱུར་བླང་བྱ་གསལ་སྟོན་གནང་ཞིང་དེར་མཛུབ་སྟོན་རང་བཞིན་དང་དམིགས་སའི་རང་བཞིན་ཆེན་པོ་ལྡན་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོས་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་ཆོད་སེམས་དང་སེམས་ཤུགས་སྔར་བས་ཆེ་རུ་སོང་ཡོད། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་གལ་ཆེའི་རང་བཞིན་དང་དཀའ་ཚེགས་རང་བཞིན། ཁ་ཚ་དགོས་གཏུག་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་ལས་དོན་བླང་བྱར་གཞིགས་ནས་ད་ལོའི་ལས་དོན་གྱི་ལས་འགན་ལ་ཁྱོན་ཡོངས་ནས་འཐེན་བཤེར་དང་ཕྱོགས་སྡོམ་རྒྱག་པ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱེད་པ། དམིགས་འབེན་གྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ། ལས་ཡུན་བཀོད་སྒྲིག་དང་སྐུལ་འདེད་ཤུགས་ཆེན་གཏོང་བ། རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱེད་པ། དོན་དངོས་དང་ཟུང་སྦྲེལ་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་ཐོག་དུས་ཐོག་དང་སྤུས་ཚད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་གཏོར་ལས་འགན་འགན་ལེན་བྱས་ནས་ཏང་དང་མི་དམངས་ལ་ཚད་ལོན་གྱི་རྒྱུགས་ལན་གཅིག་འབུལ་དགོས་ཞེས་གསུངས་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་ཁག་གཅིག་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་གཏོགས་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།