ཀྲུང་གོ་བོད་ཀྱི་དྲ་བ།

སྔོན་དཔག་ལྟར་ན་ཟླ4པའི་ནང་རིམས་འགོག་སྨན་ཁབ་ཁག་གཅིག་ནད་ཐོག་ལག་ལེན་དུ་བསྟར་བའི་རེ་བ་འདུག

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྩ་འཛུགས་ཀྱིས་ཟླ3པའི་ཚེས6ཉིན་གྱི་ཆུ་ཚོད15སྟེང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཚོགས་ཏེ། ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་འགག་སྒྲོལ་འཕེལ་རིམ་གསར་ཤོས་ཐད་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

ཏོག་དབྱིབས་ནད་དུག་གཞན་འགྱུར་གྱིས་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་རིམས་འགོག་སྨན་ཁབ་བཟོ་བར་འགལ་རྐྱེན་བཟོས་མེད།

ཀྲུང་གོ་ཚན་རིག་ཁང་གི་དྲུང་ཆེ་གཞོན་པ་དང་ཡོན་ཧྲེ་ཀྲོའུ་ཆི།

ཀྲུང་གོ་ཚན་རིག་ཁང་གི་དྲུང་ཆེ་གཞོན་པ་དང་ཡོན་ཧྲེ་ཀྲོའུ་ཆིས་ངོ་སྤྲོད་བྱས་པ་ལྟར་ན། ནད་དུག་གཞན་འགྱུར་བྱུང་བ་ནས་ད་ལྟའི་བར་གནས་ཚུལ་ཁག་གཅིག་སྤེལ་ཡོད་མོད། འོན་ཀྱང་ནད་དུག་གཞན་འགྱུར་གྱི་གོ་རིམ་ཁྲོད་གྱོད་དཔེ་དེ་བས་མང་བ་དགོས་ལ། ཞིབ་འཇུག་ཀྱང་དེ་བས་གཏིང་ཟབ་བྱེད་དགོས། མིག་སྔར་ཀྲུང་གོར་ནད་དུག་གཞན་འགྱུར་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལ་དམིགས་ནས་གཅིག་གྱུར་བཀོད་སྒྲིག་བྱས་ཡོད་པར་མ་ཟད། ནད་དུག་གཞན་འགྱུར་གྱིས་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་། དུག་སྲིན་འགོག་རྫས་དང་རིམས་འགོག་སྨན་ཁབ་བཟོ་བ་བཅས་ལ་འགལ་རྐྱེན་བཟོས་མེད། དེ་མིན་ང་ཚོས་ཧུར་ཐག་གིས་ནད་དུག་གཞན་འགྱུར་གྱི་ཐད་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་མ་ཟད། ཚན་ཞིབ་རྣམ་གྲངས་ཀྱང་བཀོད་སྒྲིག་བྱེད་ཀྱིན་ཡོད་ཅེས་གསུངས།

སྔོན་དཔག་ལྟར་ན་ཟླ4པའི་ནང་རིམས་འགོག་སྨན་ཁབ་ཁག་གཅིག་ནད་ཐོག་ལག་ལེན་དུ་བསྟར་བའི་རེ་བ་འདུག

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་འཕྲོད་བསྟེན་ཚན་རྩལ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲེང་ཀྲུང་ཝེ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་འཕྲོད་བསྟེན་ཚན་རྩལ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲེང་ཀྲུང་ཝེ་ཡིས་ཚན་ཞིབ་འགག་སྒྲོལ་ཚོགས་ཆུང་གིས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་ཆེད་དོན་འཛིན་གྲྭ་བཙུགས་ཤིང་། ཆེད་དོན་འཛིན་གྲྭས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རིམས་འགོག་སྨན་ཁབ་སྒྲིག་གཞི་བཅུ་གྲངས་ལ་དམིགས་ཏེ། ཁག་དང་པོར་འདེམས་སྒྲུག་བྱས་པའི་ལས་ཁུངས་བརྒྱད་ལ་ལས་འགན་ཁག་དགུ་གཏན་འཁེལ་བྱས་པ་དང་། ལག་རྩལ་ལམ་ཕྱོགས་ལྔ་བརྒྱུད་ནས་རིམས་འགོག་སྨན་ཁབ་ཀྱི་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།

མིག་སྔའི་ལག་རྩལ་ལམ་ཕྱོགས་ལྔ་པོ་ཚང་མ་སྔོན་དཔག་ནང་བཞིན་བརྟན་ལྷིང་ངང་སྐུལ་སྤེལ་གཏོང་བཞིན་ཡོད་པ་དང་། སྔོན་དཔག་བྱས་པ་ལྟར་ན། ཧ་ལམ་ཟླ4པའི་ནང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། རིམས་འགོག་སྨན་ཁབ་ཁག་གཅིག་ནད་ཐོག་ཞིབ་འཇུག་གམ་ཡང་ན་འཕྲལ་སྡོམ་བེད་སྤྱོད་ཐུབ་རེ་ཡོད་ཅེས་གསུངས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།